རྒྱ་གར་དང་བོད་ཀྱི་ས་མཚམས་མ་གཏོགས་ལོ་རྒྱུས་ནང་རྒྱ་ནག་མཉམ་ས་མཚམས་ཡོད་མ་རེད་ཅེས་གསུངས་པ།

རྒྱ་གར་ཕྱོགས་ནས་བོད་དང་ས་མཚམས་ཡོད་པ་ལས་ལོ་རྒྱུས་ཐོག་རྒྱ་ནག་དང་མཉམ་ས་མཚམས་ཡོད་མ་རེད་ཅེས་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་གསུངས་པ།

རྒྱ་གར་ཕྱོགས་ནས་བོད་དང་ས་མཚམས་ཡོད་པ་ལས་ལོ་རྒྱུས་ཐོག་རྒྱ་ནག་དང་མཉམ་ས་མཚམས་ཡོད་མ་རེད་ཅེས་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་གསུངས་བྱུང་།

རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས། ཉེ་ལམ་རྒྱ་ནག་གིས་ཨ་རུ་ན་ཅལ་གྱི་ས་ཁུལ་ཁག་ ༢༣ ལ་རྒྱ་མིའི་མིང་བཏགས་པའི་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཕྱི་ཟླ་ ༥ ཚེས་ ༣ ཉིན་ལན་འདེབས་གནང་སྐབས། “ང་རང་གིས་དུས་རྒྱུན་དུ་ལབ་ཀྱི་ཡོད། རྒྱ་གར་དང་རྒྱ་ནག་དབར་ས་མཚམས་ཡོད་མ་རེད། ང་ཚོའི་ས་འཚམས་བོད་དང་མཉམ་ཡོད་རེད་ཟེར་གྱི་ཡོད་”ཅེས་གསུངས་བྱུང་།

ཧི་མ་ལ་ཡའི་ནང་པ་ཚོས་རྒྱ་གར་དང་འཛམ་གླིང་ལ་ཞབས་འདེགས་སྒྲུབ་ཕྱོགས་ཀྱི་བགྲོ་གླེང་ལྷན་ཚོཊ། ༢༠༢༦།༥།༣
པདྨ་མཁའ་འགྲོ་མཆོག་དང་༧སྐྱབས་རྗེ་ཐུགས་སྲས་རིན་པོ་ཆེ། ཨ་རུ་ན་ཅལ་གྱི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་༧སྐྱབས་རྗེ་ཐུགས་སྲས་རིན་པོ་ཆེ། ༢༠༢༦།༥།༣ (RFA Tibetan)

རྒྱ་ནག་གཞུང་གིས་ཉེ་ཆར་ཨ་རུ་ན་ཅལ་མངའ་སྡེའི་ནང་ས་གནས་ ༢༣ ལ་རྒྱ་མིའི་མིང་གསར་པ་བཏགས་པའི་གནས་ཚུལ་བྱུང་པ་ལྟར། དེའི་སྐོར་པདྨ་མཁའ་འགྲོ་མཆོག་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བཀའ་འདྲི་ཞུས་པར། “འདི་ང་ཚོར་གནས་ཚུལ་གསར་པ་ཞིག་མ་རེད། རྒྱ་ནག་གིས་རྒྱུན་རིང་པོ་ཞིག་ནས་བདག་དབང་ཡོད་ཚུལ་བརྗོད་བཞིན་ཡོད་རེད། འོན་ཀྱང་ང་ཚོའི་ལོ་རྒྱུས་ང་རང་ཚོ་ལ་རྒྱུས་ཡོད་རེད། ང་ཚོས་དུས་ནམ་ཞིག་རྒྱ་ནག་གི་འོག་བསྡད་མྱོང་ཡོད་མ་རེད། རྒྱ་གར་དང་རྒྱ་ནག་གི་ས་མཚམས་ཡོད་མ་རེད། ང་ཚོའི་ས་འཚམས་བོད་དང་མཉམ་དུ་འཁེལ་གྱི་ཡོད་རེད། འོན་ཀྱང་ད་ལྟ་བོད་འདི་རྒྱ་ནག་གི་བཙན་འོག་ལ་ཡོད་རེད། ས་ཆར་མིང་བཏགས་རྒྱུ་དེ་ད་རེས་ཐེངས་ ༦ པ་རེད། འདིའི་ང་ཚོ་ལ་ཁྱད་པར་བཟོ་ཡི་མ་རེད་”ཅེས་གསུངས་བྱུང་།

རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེའི་ས་གནས་ཁག་ལ་དེ་ལྟ་བུའི་མིང་གསར་པ་བཏགས་པའི་གནས་ཚུལ་འདི་ནི་འདི་ལོ་ཙམ་མིན་པར་དེ་སྔ་ཕྱི་ལོ་ ༢༠༡༧ དང་། ༢༠༢༡ ༢༠༢༣ ༢༠༢༤ ༢༠༢༥ སོ་སོར་ཡང་དེ་ལྟར་མིང་བཏགས་མྱོང་ཡོད་པ་རེད།

ཧི་མ་ལ་ཡའི་ནང་པ་ཚོས་རྒྱ་གར་དང་འཛམ་གླིང་ལ་ཞབས་འདེགས་སྒྲུབ་ཕྱོགས་ཐད་བགྲ་གླེང་གི་ལྷན་ཚོཊ་ཚོགས་པ། ༢༠༢༦།༥།༣
ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གིས་གསུང་བཤད་གནང་བཞིན་པ། ཧི་མ་ལ་ཡའི་ནང་པ་ཚོས་རྒྱ་གར་དང་འཛམ་གླིང་ལ་ཞབས་འདེགས་སྒྲུབ་ཕྱོགས་ཐད་བགྲོ་གླེང་གི་ལྷན་ཚོཊ་ཚོགས་པ། ༢༠༢༦།༥།༣ (RFA Tibetan)

ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་ད་རེས་ལ་དྭགས་ཁུལ་དུ་ཕེབས་ཡོད་ཅིང་། ཁོང་གིས་ཧི་མ་ལ་ཡའི་ནང་བསྟན་དང་འབྲེལ་བའི་བགྲོ་གླེང་གི་ཚོགས་འདུར་དབུ་བཞུགས་གནང་པ་དང་། ཁོང་གིས་སྐབས་དེར། “སྤྱི་ནོར་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་རིམ་བྱོན་དང་་ང་ཚོའི་དབར་དམིགས་བསལ་གྱི་འབྲེལ་བ་ཞིག་ཡོད་པ་རེད། ༧རྒྱལ་མཆོག་སྐུ་ཕྲེང་ ༦ པ་མཆོག་མོན་རྟ་དབང་དུ་སྐུ་འཁྲུངས་ཡོད་པ་རེད། ཕྱི་ལོ་ ༡༩༥༩ གྱི་ལོ་རྒྱུས་དེ་ཚང་མ་ལ་རྒྱུས་ཡོད་རེད། ད་ལྟའི་༧རྒྱལ་བ་རིན་པོ་ཆེ་རང་གི་རྒྱལ་ཁབ་ནས་ཕྱིར་བཙན་བྱོལ་དུ་ཕེབས་ས་འདི་ཨ་རུ་ན་ཅལ་ (Arunachal) རྟ་དབང་བརྒྱུད་ཕེབས་ཡོད་པ་རེད། ང་ཚོ་མོན་ཡུལ་དང་༧རྒྱལ་བ་རིན་པོ་ཆེའི་དབར་ལ་དམིགས་བསལ་གྱི་འབྲེལ་བ་ཞིག་ཡོད་རེད་”ཅེས་གསུངས་ཡོད་པ་རེད།

ལ་དྭགས་མ་ཧ་བྷོ་དྷི་སློབ་གྲྭ་རུ་ཚོགས་པའི་ཧི་མ་ལ་ཡའི་ནང་པ་ཚོས་རྒྱ་གར་དང་འཛམ་གླིང་ལ་ཞབས་འདེགས་སྒྲུབ་ཕྱོགས་ (Contribution of Himalayan Buddhism to India and World) ཞེས་པའི་ཉིན་གཅིག་གི་ལྷན་ཚོགས་འདི་བཞིན་ལ་དྭགས་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱིས་གོ་སྒྲིག་ཞུས་པ་ཞིག་ཡིན་པ་རེད།

ལྷན་ཚོགས་དེའི་ཐོག་རྒྱ་གར་གྱི་ཨ་རུ་ན་ཅལ་ (Arunachal Pradesh) མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་སྐུ་མགྲོན་གཙོ་བོར་གདན་ཞུ་ཕུལ་བ་དང་། ཁོང་གིས་གསུང་བཤད་གནང་སྐབས་དམིགས་བསལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཕྲེང་རིམ་བྱོན་བཞིན་ཨ་རུ་ན་ཅལ་མངའ་སྡེའི་དབར་དམིགས་བསལ་འབྲེལ་བ་ཡོད་པ་དང་རྒྱ་གར་གྱི་བདེ་འཇགས་ཀྱི་ཆེད་དུ་ཧི་མ་ལ་ཡའི་རི་བརྒྱུད་དུ་བཞུགས་པའི་མི་མང་རྣམས་གལ་ཆེན་པོ་ཆགས་ཀྱི་ཡོད་སྟབས་རི་བརྒྱུད་འདིའི་ཁུལ་དུ་གནས་མཁན་གྱི་མི་མང་ཆེ་བ་ཞིག་བོད་བརྒྱུད་ནང་བསྟན་ལ་འཇུག་མཁན་ཡིན་པ་དང་ཁོང་ཚོ་ཚང་མར་རྒྱ་གར་གཞུང་གིས་ཐུགས་སྣང་ཆེན་པོས་རོགས་རམ་གནང་གི་ཡོད་སྐོར་གསུངས་སོང་། ཁོང་གིས་ད་དུང་མུ་མཐུད་གསུངས་དོན་དུ། རྒྱལ་ཁབ་ཀྱི་བདེ་འཇགས་ཆེད་ཧི་མ་ལ་ཡའི་རི་བརྒྱུད་དུ་ནང་ཆོས་སྲ་བརྟན་བདག་གཅེས་བྱེད་ཐུབ་རྒྱུ་འདི་གལ་འགངས་ཆེན་པོ་རེད། དེ་མཚུངས་རྒྱ་གར་གྱི་སྲིད་བློན་ན་རནདྲ་མོ་དྷི་ (Narendra Modi) མཆོག་གིས་དབུ་ཁྲིད་འོག་རྒྱ་གར་གཞུང་གིས་ཀྱང་ནང་ཆོས་འདི་སྐྱོབ་རྒྱུ་དང་ཁྱབ་སྤེལ་བྱེད་ཀྱི་ཡོད་རེད། དེང་དུས་ཀྱི་ཤེས་ཡོན་དང་མཉམ་སོ་སོའི་ཆོས་དང་རིག་གཞུང་གཅེས་འཛིན་གྱིས་གོམ་པ་མདུན་སྤོས་བྱེད་རྒྱུར་འབད་བརྩོན་བྱེད་ཀྱི་ཡོད་རེད་ཅེས་གསུངས་སོང་།

རྒྱ་ནག་གིས་བོད་ནག་བསུབ་གཏོང་ཕྱིར་བོད་ནང་གཅིག་པུ་མ་ཡིན་པར་ཕྱི་རྒྱལ་ཁག་ཏུ་ཐབས་བྱུས་སྣ་ཚོགས་ཀྱི་ཐོག་ནས་ཆབ་སྲིད་ཀྱི་ལས་དོན་དང་སྲིད་བྱུས་འཛིན་བཞིན་ཡོད་པའི་སྐབས་འདིར། ད་རེས་བོད་བརྒྱུད་ནང་བསྟན་ལ་ཧི་མ་ལ་ཡའི་ནང་བསྟན་ཞེས་འབོད་པ་དེ་བཞིན་འཕེལ་རིམ་གསར་པ་ཞིག་ཆགས་ཀྱི་ཡོད་དུས་གོ་སྒྲིག་ཚོགས་ཆུང་ལ་འདི་འབྲེལ་བཀའ་འདྲི་ཞུས་པར་རྒྱ་གར་གྱི་རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་སྤྱི་ཁབ་དྲུང་ཆེ་ཤར་རྩེ་མཁན་ཟུར་བྱང་ཆུབ་ཆོས་ལྡན་མཆོག་གིས་རྒྱ་གར་ཧི་མ་ལ་ཡའི་རི་བརྒྱུད་དུ་བཞུགས་མཁན་མི་མང་པོ་ཞིག་གིས་བོད་བརྒྱུད་ནང་བསྟན་གྱི་རྗེས་སུ་འཇུག་གི་ཡོད་པ་དང་། དེའི་རྩ་བ་དེ་རྒྱ་གར་རང་ལ་ཐུག་གི་ཡོད་སྟབས། རྒྱ་གར་གཞུང་གིས་ནང་བསྟན་འདི་ལ་ནུས་པ་ཞིག་གཟིགས་ཏེ་ཆབ་སྲིད་ཀྱི་དགོས་དབང་ཐོག་ནས་ཐ་སྙད་འདི་བེད་སྤྱོད་བྱེད་ཀྱི་ཡོད་སྐོར་གསུངས་བྱུང་།

བགྲོ་གླེང་གི་ལྷན་ཚོགས་དེའི་སྐབས་གསུང་བཤད་གནང་མཁན་མང་པོ་ཞིག་གིས་བོད་དང་ཁྱད་པར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཚན་བསྐྱར་ནས་ཡང་དུ་འབོད་དེ་རྗེས་དྲན་ཞུས་སོང་ལ། དྲི་བ་དྲིས་ལན་གྱི་སྐབས་སུ་ཡང་བོད་བརྒྱུད་ནང་བསྟན་ཞེས་འབོད་དེ་ཐ་སྙད་འདི་སྐྱོབ་དགོས་ན་གཙོ་བོ་བོད་སྐད་དང་བོད་ཡིག་ལ་ཡང་དོ་སྣང་དགོས་སྐོར་གསུངས་མཁན་བྱུང་སོང་། དེ་འདྲའི་དྲི་བ་གནང་མཁན་འབུམ་རམས་པ་ཚེ་དབང་རྒྱལ་མཚན་ལགས་ཀྱིས་རྒྱ་གར་ལུང་པའི་ནང་དུ་ནང་པ་སངས་རྒྱས་པའི་ཆོས་དེ་སྟོང་ཟད་དུ་སོང་བའི་རྗེས་བོད་ནང་དུ་ནང་ཆོས་ཉམས་པ་སོར་ཆུད་བྱེད་པ་ཡིན་དུས་དེ་རིང་ཆོས་འདི་སྐྱོབ་དགོས་ན་བོད་སྐད་དང་བོད་ཡིག་ཐོག་སྐད་ཆ་གཤོད་མཁན་མི་འདུག་པར་བརྟེན་དེའི་ཆེད་ངའི་སོ་སོར་ཚོར་བ་ཞིག་ཡོད་པའི་ཆ་ནས་དེ་འབྲེལ་གྱི་དྲི་བ་བཏང་པ་ཡིན་ཞེས་གསུངས་བྱུང་།

རྒྱལ་སྤྱིའི་ནང་པའི་ལྷན་ཚོགས་ཀྱི་ངོས་ནས་བགྲོ་གླེང་འདི་གོ་སྒྲིག་ཞུས་པ་ནི་ད་རེས་སངས་རྒྱས་ཐུགས་རྗེ་ཅན་གྱི་རིང་སྲེལ་རིན་པོ་ཆེ་ལ་དྭགས་ས་གནས་སུ་བཞུགས་རིང་ས་མཚམས་ལས་འདས་པའི་ཞི་བདེ་ཞེས་པའི་གླེང་གཞིའི་ཐོག་ལས་རིམ་འདྲ་མིན་སྤེལ་ཡོད་པའི་ནང་ནས་གཅིག་རེད་འདུག

ཁ་སྣོན་གསར་འགོད། བཀྲ་དབང་།

པར་ལེན་སྒྲིག་སྦྱོར་བ། འཕྲིན་ལས་ཆོས་སྒྲོན།