ཨ་རིའི་བོད་ཐོག་ལངས་ཕྱོཊ་ནི་བཟང་ཕྱོཊ་སུ་བསྐྱོད་བཞིན་ཡོད་སྐོར་སྲིད་སྐྱོང་གིས་གསུངས་པ།

ཊམཔ་དང་ཞིའི་དབར་གྲོས་མོལ་གནང་བཞིན་པའི་དུས་འདིར་སྲིད་སྐྱོང་མཆོག་གིས་ཨ་རིའི་བོད་དོན་ལངས་ཕྱོགས་ནི་བཟང་ཕྱོགས་སུ་སྐྱོད་བཞིན་ཡོད་པ་གསུངས་པ།

ཊམཔ་དང་ཞིའི་དབར་གྲོས་མོལ་གནང་བཞིན་པའི་དུས་འདིར་སྲིད་སྐྱོང་མཆོག་གིས་ཨ་རིའི་བོད་དོན་ལངས་ཕྱོགས་བཟང་ཕྱོགས་སུ་སྐྱོད་བཞིན་ཡོད་པ་གསུངས་པ།

ཨ་རིའི་སྲིད་འཛིན་དང་རྒྱ་ནག་གི་སྲིད་འཛིན་གཉིས་དབར་མཇལ་འཕྲད་འདིའི་ནང་། བོད་ཀྱི་གནད་དོན་སྐོར་གླེང་ཐུབ་མིན་གཤོད་ཚོད་ཐུབ་པ་དཀའ་ཡང་། ཨ་རིའི་གཞུང་གིས་བོད་དོན་ལ་འཛིན་པའི་ལངས་ཕྱོགས་ནི་བཟང་ཕྱོགས་སུ་སྐྱོད་བཞིན་ཡོད་པ་ཞིག་ཏུ་མཐོང་ཞེས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་གསུངས་བྱུང་།

ཨ་རི་དང་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཀྱི་མཇལ་འཕྲད།
ཨ་རི་དང་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཀྱི་མཇལ་འཕྲད། ཨ་རི་དང་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཀྱི་མཇལ་འཕྲད། (Reuters)

དེ་ཡང་ཕྱི་ཟླ་ ༥ ཚེས་ ༡༤ ཉིན་ཀི་རྟིའི་བྱེས་པ་གྲྭ་ཚང་གི་འདུལ་བ་དང་དབུ་མ། རིགས་ལམ་སློབ་ཐོན་པར་ཕྱག་འཁྱེར་འབུལ་བཞེས་ཀྱི་མཛད་སྒོར་མགྲོན་གྱི་གཙོ་བོར་ཕེབས་པའི་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཐེངས་འདིའི་ཨ་རི་དང་རྒྱ་ནག་གི་སྲིད་འཛིན་གཉིས་ཀྱི་མཇལ་འཕྲད་སྐབས་བོད་དོན་ཐད་གླེང་སློང་ཡོང་རྒྱུའི་རེ་བ་ཇི་ཙམ་སྐྱོན་གྱི་ཡོད་མེད་བཀའ་འདྲི་ཞུས་པར། སྲིད་སྐྱོང་མཆོག་གིས། ད་ལྟའི་འཁྲུག་ཆ་དོད་པོའི་འཛམ་གླིང་འདིའི་ནང་འགྲོ་བ་མིའི་ཐོབ་ཐང་སྐོར་དོ་སྣང་བསླེབ་རྒྱུ་ཁག་པོ་ཆགས་བསྡད་ཡོད་ཀྱང་། ད་ལྟའི་ཨ་རིའི་གཞུང་འཛིན་གྱིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་པ་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་དང་རྒྱ་གར་དུ་ཡོད་པའི་ཨ་རིའི་གཞུང་ཚབ་བཅས་ནི་བོད་དོན་ལ་ཐུགས་སྣང་ཆེན་པོ་གནང་མཁན་ཡིན་པ་བཅས་ཀྱི་རྣམ་འགྱུར་ལ་བལྟས་ན། ཨ་རིའི་གཞུང་ཕྱོགས་ནས་བོད་དོན་ཐོག་ལ་གཟིགས་ཕྱོགས་དེ་བཟང་ཕྱོགས་ཀྱི་འགྱུར་བ་འགྲོ་བཞིན་པ་ཞིག་ཏུ་མཐོང་གི་འདུག་ཅེས་གསུངས་བྱུང་།

སྲིད་སྐྱོང་མཆོག་གིས་ད་དུང་མུ་མཐུད། རྒྱ་ནག་གཞུང་ངོས་ནས་ཨ་རིས་བོད་ཐོག་ལ་འཛིན་པའི་སྲིད་བྱུས་ལ་རྒྱུན་དུ་དོ་སྣང་བྱེད་བཞིན་ཡོད་ཀྱང་། ཐེངས་འདིའི་ཐུག་འཕྲད་འདིའི་སྐབས་གཙོ་བོ་རྒྱལ་ཁབ་ཕྱོགས་གཉིས་ཀྱི་ཁེ་ཕན་དང་། ཕྱོཊ་གཉིས་ཀྱི་འབྲེལ་བ་གོང་མཐོར་གཏོང་ཕྱོཊ་དང་འབྲེལ་བཀའ་མོལ་གནང་ངེས་ཤིང་། མཇལ་འཕྲད་འདིའི་སྐབས་ཕལ་ཆེར་ཐའེ་ལྦན་གྱི་གནད་དོན་ཐད་བཀའ་མོལ་གནང་རྒྱུའི་ཚོད་དཔག་གནང་གི་ཡོད་པ་གསུང་གི་འདུག

ཨ་མི་རི་ཀའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ལས་དོན་ཐད་ཀྱི་ཆེས་མཐོའི་ལྷན་ཚོགས་ (CECC) ཀྱིས་སྲིད་འཛིན་ཊམཔ་ལ་ཕྱི་ཟླ་ ༥ ཚེས་ ༧ ཉིན་ཕྱག་བྲིས་ཤིག་ཕུལ་བའི་ནང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་མཇལ་འཕྲད་གནང་སྐབས། ཨ་རིའི་མི་སེར་གཉིས་དང་རྒྱ་ནག་གིས་འཛིན་བཟུང་དང་བཙོན་འཇུག་འོག་ཡོད་པའི་ཆབ་སྲིད་བཙོན་པ་ ༢༡ གློད་བཀྲོལ་ཡོང་ཐབས་གནང་དགོས་པའི་འབོད་སྐུལ་ཞུ་ཡིག་དང་ཐོ་གཞུང་ཞིག་ཕུལ་བའི་ནང་། ཕྱི་ལོ་ ༢༠༢༤ ཟླ་ ༡༢ ནང་འཛིན་བཟུང་དོ་དམ་བྱས་པའི་ཧོར་གཙང་ཀིརྟི་དགོན་པའི་འགན་འཛིན་ལས་ཚབ་དཀོན་མཆོག་ཆོས་གྲགས་ལགས་དང་། བོད་མི་རྩོམ་པ་པོ་གྲགས་ཅན་དང་ནང་བསྟན་ཤེས་ཡོན་པ་སྒོ་ཤེས་རབ་རྒྱ་མཚོ་ལགས། ཆབ་སྲིད་ཀྱི་དམིགས་ཡུལ་བཅངས་པའི་མིང་ཐོག་ནས་ཚེ་བཙོན་གྱི་ཉེས་ཆད་བཀལ་བ་རྡོ་རྗེ་བཀྲིས་ལགས་བཅས་བོད་མི་ཆབ་སྲིད་བཙོན་པ་གསུམ་གྱི་མཚན་ཡང་བཀོད་གནང་འདུག

སྲིད་འཛིན་ཊམཔ་རྒྱ་ནག་ཏུ་མ་ཕེབས་གོང་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་དང་གཞུང་འབྲེལ་མིན་པའི་ཚོགས་པ། མི་སྒེར་སོགས་ཕྱོགས་མང་པོས་རྒྱ་ནག་གི་དཔོན་རིགས་ལ་བོད་དོན་གླེང་སློང་ཡོང་བའི་འབོད་སྐུལ་ཞུ་མཁན་བྱུང་ཡོད་ལ། རྒྱལ་སྤྱི་ཚོགས་སྡེ་ཁག་ནས་ཀྱང་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་དོ་འཁུར་ཡོང་བའི་འབོད་སྐུལ་ཞུ་མཁན་ཡང་བྱུང་ཡོད་པ་རེད།།

ཁ་སྣོན་གསར་འགོད། བསྟན་འཛིན་བདེ་སྐྱིད།

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།