རྒྱ་རིགས་ཡི་ཤུའི་ཆོས་དཔོན་ཨེཛ་ར་ཇིན་ལ་ ༢༠༢༦ ཊོམ་ལེན་ཊོསི་འགྲོ་བ་མིའི་ཐོབ་ཐང་གི་བྱ་དགའ་གནང་གཏན་འཁེལ་འདུག
རྒྱ་ནག་གི་ཡི་ཤུའི་ཆོས་དཔོན་དང་ཆོས་ལུགས་ཀྱི་བཙོན་ཟུར་ཨེཛ་ར་ཇིན་ལགས་ཀྱིས་རྒྱ་ནག་ནང་ཆོས་དད་རང་དབང་ལ་སྐུལ་འདེད་བཏང་པའི་བྱ་འགུལ་ལ་ངོས་འཛིན་གྱིས་ཁོང་ལ་ཕྱི་ལོ་ ༢༠༢༦ ཨ་རིའི་ཊོམ་ལེན་ཊོསི་འགྲོ་བ་མིའི་ཐོབ་ཐང་གི་བྱ་དགའ་གནང་གཏན་འཁེལ་འདུག
ཇིན་དང་ཁོང་གིས་སྣེ་ཁྲིད་པའི་ཛིཡོན་ (Zion) ཆོས་ལུགས་ཀྱི་དབུ་ཁྲིད་དང་ཚོགས་མི་བཅུ་ཕྲག་འགའ་རྒྱ་ནག་ནང་འཛིན་བཟུང་བྱས་ཏེ་ལོ་གཅིག་འཁོར་བའི་དུས་ཚིགས་དང་བསྟུན་ ༢༠༢༦ ལོའི་ཊོམ་ལེན་ཊོསི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་བྱ་དགའ་དེ་ཨེཛ་ར་ཇིན་ལ་གནང་རྒྱུ་ཡིན་པ་ཕྱི་ཟླ་ ༡༠ ཚེས་ ༩ ཉིན་གསལ་བསྒྲགས་གནང་འདུག
ཕྱི་ཟླ་ ༡༠ ཚེས་ ༨ ཉིན་ལེན་ཊོསི་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན་ཐེབས་རྩའི་གཙོ་འཛིན་ཀཊ་རི་ན་ལེན་ཊོསི་སཝེཊ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནང་པའི་བརྙན་ཐུང་ཞིག་གི་ནང་ཁོང་གིས་གསུངས་དོན་དུ། ཆོས་དཔོན་ཨེཛ་ར་ཇིན་ལ་ལེན་ཊོསི་འགྲོ་བ་མིའི་ཐོབ་ཐང་གི་བྱ་དགའ་བསྩལ་རྒྱུར་ལེན་ཊོསི་ཐེབས་རྩ་ཁང་ལ་ཧ་ཅང་སྤོབས་པ་ཡོད་པ་གསུངས་ཞིང་། “ང་ཚོས་ཁོང་བདམས་པའི་རྒྱུ་མཚན་ནི་རྒྱ་ནག་དམར་ཤོག་ཚོགས་པའི་བཙན་གནོན་དང་གནོན་ཤུགས་ཚབས་ཆེའི་འོག་ཏུའང་ཆོས་དད་ཀྱི་དྲང་ཚུགས་བརྟན་པོ་དང་བློ་སྤོབས་ལ་གཞི་འཛིན་པ་ཡིན། བྱས་ཙང་ཁོང་ནི་ཆོས་ལུགས་རང་དབང་དང་དད་མོས། ཡིད་ཆེས་ཀྱི་དཔའ་བོ་ཞིག་ཏུ་ངོས་འཛིན་ཞུ་གི་ཡོད་ལ། དེ་ནི་ཁོང་ལ་ང་ཚོས་ངོས་འཛིན་བྱེད་རྒྱུར་དགའ་སྤོབས་བྱེད་འོས་པའི་རྒྱུ་མཚན་ཆེན་པོ་ཞིག་རེད་” ཅེས་གསུངས་འདུག
ཁོང་གིས་ད་དུང་མུ་མཐུད་གསུངས་དོན་དུ། “འདི་ནི་རྒྱ་ནག་གིས་ཆོས་དད་ཐོག་ལ་དམག་འཐབ་བྱེད་རྒྱུའི་ཐག་གཅོད་བྱེད་པའི་ང་ཚོར་དྲན་སྐུལ་བྱས་པ་ཞིག་རེད། རྒྱ་ནག་གིས་ཆོས་ལུགས་སྤྱི་ཚོགས་འདྲ་མིན་ལ་བཙན་གནོན་དང་རྒོལ་རྡུལ། དམིགས་འབེན་དུ་འཛིན་ཐབས་དྲག་པོ་བྱེད་པ་ཞིག་རེད། དེ་ཡང་ཡི་ཤུའི་ཆོས་ལུགས་ཙམ་ལ་མིན་པར་ཕ་ལུང་སྒོང་དང་། བོད་མི་ནང་པ། ཡུ་གུར་ཁ་ཆེ་བཅས་པ་ཚུད་ཡོད། དེ་ལྟའི་རྒྱ་ནག་གིས་དམིགས་འབེན་དུ་འཛིན་པ་དང་བཙན་གནོན་བྱ་ཡུལ་གྱི་སྤྱི་ཚོགས་མང་པོ་ཞིག་གསལ་སྟོན་བྱེད་ཐུབ་རྒྱུ་ཡོད།” ཅེས་འགྲེལ་བརྗོད་གནང་སོང་།
ཇིན་གྱིས་གསུངས་དོན་དུ། ངོས་རང་ལ་ལེན་ཊོསི་ཀྱི་བྱ་དགའ་ཐོབ་པ་དང་རྒྱ་ནག་ནང་དུ་ཆོས་དད་དོན་གཉེར་ཅན་ལ་གནོད་འཚེ་ཚབས་ཆེན་འཕྲད་བཞིན་པའི་སྐོར་ལ་གོ་རྟོགས་སྤེལ་རྒྱུའི་གོ་སྐབས་ཐོབ་པར་དགའ་པོ་བྱུང་ཞེས་ཐེབས་རྩ་ཚོགས་པས་གསལ་བསྒྲགས་སྤེལ་བའི་ནང་འཁོད་འདུག
ཆོས་དཔོན་ཇིན་ཟླ་བ་དགུ་རིང་བཀག་ཉར་བྱས་ཏེ་ཕྱི་ལོ་ ༢༠༢༦ ཟླ་ ༧ ཚེས་ ༣ ཉིན་གློད་བཀྲོལ་ཐོབ་ཡོད་པ་དང་། འདི་ནི་ཨ་རིའི་སྲིད་འཛིན་ཌོ་ནལཌ་ཊམཔ་རྒྱ་ནག་ཏུ་ཕྱི་ཟླ་ ༥ པའི་ནང་རྒྱལ་དོན་འཚམས་གཟིགས་གནང་སྟེ་ཕྱིར་ཕེབས་ཀྱིས་ཟླ་བ་གཅིག་ལྷག་ཙམ་གྱི་དུས་ཡུན་རྗེས་གློད་བཀྲོལ་བཏང་པ་ཞིག་ཡིན་པ་རེད། ཁོང་གློད་བཀྲོལ་ཐོབ་རྗེས་ད་ལྟའང་བཙོན་དུ་ཡོད་པའི་ཛིཡོན་ (Zion) ཆོས་རྒྱུད་ཀྱི་ཚོགས་མི་བརྒྱད་དང་དེ་བཞིན་རྒྱ་ནག་ནང་ཆོས་ལུགས་ཀྱི་བཙོན་པ་གཞན་རྣམས་གློད་བཀྲོལ་གཏོང་དགོས་པའི་འབོད་སྐུལ་བྱས་ཡོད།

༧གོང་ས་མཆོག་ལ་བྱ་དགའ་ཐེངས་དང་པོ་ཕུལ་ཡོད།
ཊོམ་ལེན་ཊོསི་འགྲོ་བ་མིའི་ཐོབ་ཐང་གི་བྱ་དགའ་དང་པོ་དེ་ཕྱི་ལོ་ ༢༠༠༩ ལོར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཕུལ་ཡོད་པ་རེད།
ཨ་རིའི་གྲོས་ཚོགས་འཐུས་མི་ཊོམ་ལེན་ཊོསི་ (Tom Lantos) ལགས་དང་ཇོན་ཨེཌ་ཝརཌ་པོར་ཊར་ (John Edward Porter) ལགས་རྣམ་གཉིས་ཀྱིས་ཕྱི་ལོ་ ༡༩༨༣ ལོར་འགྲོ་བ་མིའི་ཐོབ་ཐང་དང་དྲང་བདེན་ཞེས་པའི་ཨ་རིའི་གྲོས་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་དེ་གསར་འཛུགས་གནང་བ་ཞིག་ཡིན་པ་དང་། ཚོགས་ཆུང་དེས་འགན་འཁུར་རྐང་བཞེས་ཐོག་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༨༧ ཟླ་ ༩ ཚེས་ ༢༧ ཉིན་ཨ་རིའི་གྲོས་ཚོགས་སུ་བོད་དོན་འབྲེལ་བའི་ཞི་བའི་གྲོས་འཆར་དོན་ཚན་ལྔ་ཡོངས་ཁྱབ་འདོན་གནང་མཛད་ཡོད་པ་རེད། ཕྱི་ལོ་ ༢༠༠༨ ལོར་ཨ་རིའི་གྲོས་ཚོགས་ནས་ཊོམ་ལེན་ཊོསི་ (Tom Lantos) ལགས་དམ་པ་དེ་ཉིད་ལ་ཆེ་བསྟོད་ཞུ་སླད་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཆུང་དེར་ཨ་རིའི་གྲོས་ཚོགས་ཀྱི་ ཊོམ་ལེན་ཊོསི་ (Tom Lantos) འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་ཞེས་མཚན་བཏགས་གནང་ཡོད་པ་རེད།།


ཁ་སྣོན་གསར་འགོད། བཀྲ་དབང་།
པར་རིས་སྒྲིག་བཟོ་བ་དང་། བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།
