བོད་རིག་པ་བ་ཚོས་མིས་བཟོས་རིག་ནུས་ཀྱི་དུས་རབས་སུ་སྐད་ཡིག་བདག་གཅེས་གནང་ཕྱོགས་གླེང་པ།
བོད་ཀྱི་སྐད་ཡིག་མ་ཉམས་པར་མི་རབས་རྗེས་མར་རྒྱུད་འཛིན་ཐུབ་པར་ཕ་མས་རང་གི་བུ་ཕྲུག་ལ་བོད་སྐད་བཤད་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ཞེས། ཝཱར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་ཁང་གི་བརྡ་སྤྲོད་རིག་པའི་སློབ་དཔོན་ལྷག་པ་ཚེ་རིང་ལགས་ཀྱིས་གསུངས་བྱུང་།
རྒྱ་གར་ལྷོ་ཕྱོགས་སྦེང་ལོར་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གཉེར་ཁང་དུ་ཕྱི་ཟླ་ ༡༡ ཚེས་ ༩ དང་ ༡༠ བཅས་ཉིན་གཉིས་རིང་སེའི་ཌབ་ཀེ་སར་བོད་རིག་པའི་ལོ་འཁོར་ལྷན་ཚོགས་ཀྱི་ཐོག་སློབ་དཔོན་ལྷག་པ་ཚེ་རིང་ལགས་ཀྱིས་དུས་ཪབས་ ༡༣ དང་ ༡༤ ནང་བོད་ཀྱི་བརྡ་སྤྲོད་ཡར་རྒྱས་འགྲོ་ཚུལ་སྐོར་གསུང་བཤད་གནང་ཡོད་ཅིང་། ཁོང་གིས་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་རྒྱུར་་མིང་ཚིག་གཏན་འབེབས་ཀྱི་ལས་དོན་ལ་རྒྱབ་སྐྱོར་དགོས་གལ་ཆེ་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།

ལྷན་ཚོགས་དེའི་ནང་ལྷན་ཞུགས་གནང་བ་འབུམ་རམས་པ་སྤེན་པ་རྡོ་རྗེ་ལགས་ཀྱིས། བོད་ཀྱི་སྐད་ཡིག་ཡར་རྒྱས་འབྱུང་བར་བོད་ཀྱི་བརྡ་ཆད་གཏན་འབེབས་དགོས་རྒྱུ་དང་། སྒྱུར་གཅིག་འགྱུར་ཡོངས་ཐབས་སུ་དེ་སྔ་ཆོས་རྒྱལ་ཚོའི་སྐུ་དུས་སུ་སྒྲ་སྦྱོར་བམ་གཉིས་ནང་སྒྱུར་གྱི་སྐོར་བཀས་བཅད་དམ་དོན་མཛད་པ་ལྟར་གནང་ཐུབ་རྒྱུ་དགེ་ཚན་ཆེན་པོ་ཡིན་པ་གསུངས་བྱུང་།
ད་ལྟའི་དུས་རབས་འདི་ནི་བརྡ་འཕྲིན་དང་མིས་བཟོས་རིག་ནུས་སོགས་བཀོལ་སྤྱོད་ཀྱིས་ཡིག་སྒྱུར་བྱེད་པའི་དུས་སྐབས་ཤིག་ཡིན་པ་དང་། བོད་ཡིག་གི་བརྡ་ཆད་དང་གོ་དོན་གྱི་ཐོག་དོ་སྣང་དང་ཞིབ་བཤེར་བྱ་དགོས་པ་གལ་གནད་ཆེན་པོར་གྱུར་ཡོད་པ་རེད།

བོད་རིག་པའི་ལྷན་ཚོགས་དེའི་ཐོག་མཁས་དབང་དང་ཉམས་ཞིབ་བ་སོགས་གཏམ་བཤད་གནང་མཁན་ ༣༡ གིས་གཞི་ཡུལ་འདྲ་མིན་ཐོག་དུས་རབས་ ༡༣ ནས་ ༡༤ བར་གྱི་བོད་ཀྱི་ཆོས་སྲིད་རིག་གནས་ཀྱི་གནས་བབ་སྐོར་དཔྱད་རྩོམ་སྒྲོག་སྦྱང་གི་ལམ་ནས་བགྲོ་གླེང་གནང་ཡོད་པ་རེད།སྦེང་ལོར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གྲྭར་བོད་ཀྱི་བདུན་ཕྲག་ཞེས་པའི་ལོ་འཁོར་ལས་རིམ་གྱི་ཁྲོད་བོད་ཀྱི་འགྲེམས་སྟོན་གྱི་ལས་རིམ་ཞིག་ཀྱང་གོ་སྒྲིག་གནང་རྒྱུའི་ལས་རིམ་འདི་ནི་ད་ལོ་ཐེངས་ ༣ པ་དེ་ཡིན་པ་དང་། ཕྱི་ཚེས་ ༡༡ ནས་ཉིན་གསུམ་གྱི་རིང་མཐོ་སློབ་དེའི་ཉེ་འགྲམ་རྒྱ་གར་ Christ གཙུག་ལག་སློབ་ཁང་དུ་འགྲེམས་སྟོན་གནང་གི་ཡོད་ཅིང་། ས་གནས་རྒྱ་གར་མི་མང་སྤྱི་དང་ལྷག་པར་རྒྱ་གར་སློབ་མ་རྣམས་ལ་བོད་པའི་ཆོས་དང་རིག་གཞུང་སོགས་ཀྱི་སྐོར་གོ་རྟོགས་སྤེལ་ཆེད་འགྲེམས་སྟོན་ཁག་ཅིག་གོ་སྒྲིག་གནང་བ་མ་ཟད། ཏཱ་ལའི་བླ་མའི་མཐོ་སློབ་ཏུ་རིག་གཞུང་འཁྲབ་སྟོན་སོགས་ཀྱི་ལས་རིམ་ཁག་གཅིག་ཀྱང་གོ་སྒྲིག་གནང་གི་འདུག
བརྙན་པར་སྒྲིག་སྦྱོར་བ། པདྨ་དངོས་གྲུབ།
