སྲིད་སྐྱོང་མཆོག་གིས་ཝ་ཤིང་ཊོན་ཌི་སིར་ཨ་རིའི་གཞུང་འབྲེལ་དཔོན་རིགས་དང་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་བཅས་འཐུས་མི་ཁག་ཅིག་དང་མཇལ་ཕྲད་གནང་པ།
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སིར་གཞུང་འབྲེལ་ཕེབས་ཕེབས་སྐབས་ཕྱི་ཟླ་ ༡༡ ཚེས་ ༡༠ དང་ ༡༡ བཅས་ཉིན་གཉིས་ཀྱི་རིང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་རཡེ་ལེ་སྦརནསི་མཆོག་དང་འབྲེལ་ཡོད་སྡེ་ཚན་ཁག་གི་ལས་བྱེད། གྲོས་ཚོགས་འཐུས་མི། གསར་ཁང་ཁག་གི་འཐུས་མི་བཅས་དང་མཇལ་འཕྲད་གནང་སྟེ། བོད་ཀྱི་ད་ལྟའི་གནས་བབ་དང་ཨ་རིས་བོད་མི་མང་ལ་རྒྱབ་སྐྱོར་གནང་བཞིན་པར་དགའ་བསུ་ཞུས་གནང་ཡོད་པ་རེད།
དེ་ཡང་ཕྱི་ཚེས་ ༡༠ ཉིན། སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་ལུའི་ཕྲེང་ཀེལ་ (Lois Frankel) མཆོག་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་བོད་དོན་ཆེད་དམིགས་བསལ་འབྲེལ་མཐུད་པ་རཡེ་ལི་སྦརནསི་མཆོག་དང་མཇལ་འཕྲད་གནང་བ་མ་ཟད། ལས་ཁུངས་དེའི་སྡེ་ཚན་ཁག་གི་ལས་འཆར་འགན་འཛིན་ཁག་དང་གྲོས་མོལ་གནང་ཡོད་པ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གིས་གནས་ཚུལ་སྤེལ་འདུག

མཇལ་འཕྲད་དེའི་སྐབས་སྲིད་སྐྱོང་མཆོག་དང་ལྷན་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཚེ་རིང་དོན་གྲུབ་ལགས་དང་། བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས། དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩ་འི་འགན་འཛིན་བློ་བཟང་བསྟན་འཛིན་ལགས་མཉམ་བཅར་གནང་འདུག
དེ་བཞིན་ཕྱི་ཚེས་ ༡༡ རེས་གཟའ་ལྷག་པའི་ཉིན། སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཐད་ཀྱི་ཆེད་འཛུགས་ཚོགས་ཆུང་ (US House Select Committee on China) གི་ཚོགས་གཙོ་འཇོན་མོ་ལེ་ནར་ (John Moolenaar) དང་། གྲོས་ཚོགས་འཐུས་མི་ཇོ་ཝིལ་སན། ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྦརྱེན་མསཏི་ (Brian Mast)། གྲོས་ཚོགས་འཐུས་མི་ཇིམ་མེཀ་གྷོ་ཝརན་ (Jim McGovern) བཅས་དང་མཇལ་འཕྲད་གནང་ཡོད།

མཇལ་འཕྲད་སྐབས་སུ་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་སྐོར་གླེང་བ་དང་། ཨ་རིའི་གྲོས་ཚོགས་ནང་ཚོགས་པ་ཟུང་སྦྲེལ་གྱི་འཐུས་མི་ཚོས་བོད་མི་མང་ལ་མུ་མཐུད་རྒྱབ་སྐྱོར་གནང་བར་ལེགས་བརྗོད་གནང་ཡོད་པ་རེད།།
འབྲེལ་ཡོད་གནས་ཚུལ།
རྒྱ་ནག་གི་གནོན་ཤུགས་ཆེ་རུ་འགྲོ་བཞིན་པའི་སྐབས་བོད་མིའི་འགོ་ཁྲིད་ཚོས་གདོང་ལེན།
ཨ་རིའི་གྲོས་ཚོགས་ཀྱི་འགྱུར་བ་དང་བོད་ཀྱི་གནད་དོན།
ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་པས་༧གོང་ས་མཆོག་གི་མཇལ་ཁ་ཞུས་པ།
ཨ་རིའི་གྲོས་ཚོགས་ཀྱི་ཆབ་སྲིད་ཚོགས་པ་ཟུང་སྦྲེལ་གྱི་སྐུ་ཚབ་ཚོགས་པ་ཞིག་རྡ་སར་ཕེབས་པ།
