བོད་ནང་གི་དགོན་པ་ཆེ་གྲས་རྫ་སེར་ཤུལ་དགོན་དུ་རྒྱ་ནག་གཞུང་གིས་བཅོས་སྒྲིག་ལས་འགུལ་ཞིག་སྤེལ་འགོ་བཙུགས་ཡོད་པ་དང་། དེའི་ནང་དགོན་པའི་དགེ་འདུན་པ་ཉུང་དུ་གཏོང་རྒྱུ་དང་གྲྭ་ཤག་བཤིག་རྒྱུ་ཡིན་སྐོར་བོད་ནས་བདེ་འཇགས་ཆེད་མིང་བརྗོད་འདོད་མེད་པ་ཞིག་གིས་བརྗོད་བྱུང་ལ། སེར་ཤུལ་རྫོང་གི་མི་རིགས་ཆོས་དོན་ལས་ཁུངས་ནས་ཀྱང་དགོན་སྡེའི་དོ་དམ་ནན་དུ་གཏོང་ཡོད་འདུག
དེ་ཡང་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནང་གི་བོད་མིས་བརྗོད་པར། བོད་ཀྱི་དགོན་པ་ཆེ་གྲས་རྫ་སེར་ཤུལ་ཐེག་ཆེན་དར་རྒྱས་གླིང་དགོན་པར་རྒྱ་ནག་གཞུང་གིས་ཕྱི་ཟླ་ ༡༠ ཚེས་ ༢༥ དང་ཚེས་ ༢༦ ལ་གྲྭ་ཤག་ཕལ་ཆེར་ ༢༠༠ ཙམ་ཞིག་བཤིག་བཞིན་ཡོད་པ་དང་། ངོ་མ་ཚར་སོང། ངོ་མ་ཚར་སོང་ཞེས་བརྗོད་བྱུང་ལ། ཁོང་གིས་མུ་མཐུད་གསུངས་པར། གྲྭ་ཤག་མང་པོ་དེ་འདྲ་བཤིག་པའི་སྟེང་ལ་ད་དུང་གྲ་རྒྱུན་ཚོ་སྡོད་མི་ཆོག་པའི་འཆར་གཞི་བཟོས་ནས་ད་ལྟ་ཚོགས་འདུ་ཚོགས་བཞིན་ཡོད། ད་དུང་ཡུལ་ཤུལ་ཁུལ་ལ་ཡང་གྲྭ་པ་ལོ་ ༡༨ མན་ཆད་སློབ་གྲྭ་ལ་གཏོང་དགོས་པ་སློབ་གྲྭ་ལ་གཏོང་བ་དང་། དེས་མིན་ན་ཕྱི་ལ་སྡོད་བཅུག་ནས་དགོན་པའི་ནང་ཡོང་བཅུག་གི་མི་འདུག ངོ་མ་ཚར་སོང་། ང་ཚོ་བོད་ཀྱི་ཆོས་དང་རིག་གཞུང་། སྐད་དང་ཡི་གེ་ལ་སོགས་པ་མེད་པ་བཟོ་འགྲོ་གིན་འདུག ཡིད་སྐྱོ་པོ་རེད་འདུག་ཅེས་གསུངས་བྱུང་།
བོད་ནང་གི་བོད་མི་ཁོང་གིས་ཕྱི་ཕྱོགས་ཀྱི་གསར་འགྱུར་བརྒྱུད་ལམ་ནས་གནས་ཚུལ་འདིར་དོ་སྣང་ཡོང་བའི་རེ་བ་གནང་གི་ཡོད་པ་དང་། ཁོང་གིས་གསུངས་པར། ཁོང་ཚོས་ད་ལྟ་དྲ་རྒྱ་ཐམས་ཅད་བཀག་ནས་ཡོད་ས་རེད། གནས་ཚུལ་འདི་ཚོ་བརྙན་འཕྲིན་དང་རླུང་འཕྲིན་གང་དུ་འགྲོ་བ་ཡིན་ན་ཡང་བཤད་ན་གཅིག་བྱས་ན་ཕན་ཐོགས་ཡོང་བ་ཅི་ཤེས། ངས་བྱས་ན་ཕལ་ཆེར་ཕན་ཐོགས་ཡོང་ས་རེད། ས་གནས་ནས་སྐད་ཆ་ག་ཚོད་བཤད་ན་ཡང་ཁོང་ཚོས་རྣ་ལྕོག་གིས་ཉན་གྱི་མི་འདུག ཡིད་ལ་བཞག་གི་མི་འདུག སྣང་མེད་དུ་གཏོང་གི་འདུག གང་འདྲ་ཆགས་ཀྱི་ཡོད་མེད་མི་ཤེས། ང་ཚོ་ནང་དུ་ཐབས་ཤེས་གང་ཡོད་ས་མ་རེད་ཅེས་བརྗོད་བྱུང་།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་སེར་ཤུལ་རྫོང་མི་རིགས་ཆོས་དོན་ལས་ཁུངས་ལ་གནས་ཚུལ་རྩད་གཅོད་བྱས་ཀྱང་། འབྲེལ་ཡོད་ལས་བྱེད་པས་དྲི་བར་ལན་འདེབས་མ་བྱས་པར་ཁ་པར་བཞག་སོང་།
འོན་ཀྱང་སེར་ཤུལ་རྫོང་མི་དམངས་སྲིད་གཞུང་གི་དྲ་ཚིགས་ཐོག་རྫོང་མི་རིགས་ཆོས་དོན་ལས་ཁུངས་ཀྱིས་དགོན་པའི་གྲྭ་བཙུན་དང་། ཆོས་ཕྱོགས་བྱེད་སྒོ ས་གནས། ནང་ཆོས་སློབ་སྦྱོང་། ལོ་ཆུང་དགོན་པར་ཆོས་ཞུགས་དང་། རྒྱལ་ཁབ་ཕྱི་ནས་དགོན་པའི་ནང་སླེབས་པའི་གྲྭ་བཙུན། སྒྲིག་འགལ་གྱི་ཆོས་ལུགས་མཁོ་ཆས་ཟེར་བ་གཙང་སེལ་སོགས་ལ་དོ་དམ་བྱེད་པའི་འགན་དབང་ཡོད་པ་གསལ་པོ་བཀོད་འདུག
བོད་བརྒྱུད་ནང་བསྟན་གྱི་རྩ་བ་དང་བོད་འཚོ་གནས་ཀྱི་རྩ་བ་མེད་པ་བཟོ་ཐབས།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས། སེར་ཤུལ་ཁུལ་གྱི་ཐོས་བཞིན་པའི་གནས་ཚུལ་ལ་བལྟས་ན། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་རྩ་བ་དང་སྒྲོམ་གཞི་འདི་མེད་པ་བཟོ་བའི་ཐབས་ཤེས་དང་ལམ་ལུགས་ཤིག་སྤེལ་གྱི་ཡོད་པ་དང་། གང་ལྟར་བོད་ཀྱི་ས་ཁུལ་ཁྱོན་ཡོངས་ལ་དགོན་སྡེའི་རིགས་སྣ་ཚོགས་ནས་རྒྱ་ནག་དམར་ཤོག་གི་བཀའ་གསུང་ཅི་སྒྲུབ་ཞུ་རྒྱུ་དང་དམར་ཤོག་གི་དམིགས་ཡུལ་འདི་གཙོ་བོར་ཟིན་པའི་ཐོག་ནས་ཉིན་རེའི་དགོན་པའི་ལས་དོན་བྱེད་དགོས་པ་མ་གཏོགས་སྔར་རྒྱུན་གྱི་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ཀྱི་འགྲོ་ལུགས་བཞིན་བྱས་པ་ཡིན་ཚེ། དེ་ལ་དམ་དྲག་བྱེད་ཀྱི་ཡོད་པའི་མཚོན་རྟགས་ཤིག་ཡིན་པར་ང་ཚོས་བཤད་ན་མ་འགྲིག་པ་ཡོད་ཀྱི་མ་རེད། གང་ལྟར་གནས་ཚུལ་འདིས་རྐྱེན་པས་རྒྱ་ནག་གཞུང་གིས་ངོས་ནས་བོད་མིར་ཆོས་དད་རང་མོས་ཡོད་རེད་ཟེར་བ་དང་། བོད་བརྒྱུད་ནང་བསྟན་ཆོས་ལུགས་འདི་བཞིན་རྒྱ་ནག་གཞུང་གིས་དར་སྤེལ་བྱེད་ཀྱི་ཡོད་ཟེར་བའི་གནས་ཚུལ་འདི་དང་ལྡོག་ཕྱོགས་ཕྱིན་པ་ཞིག་ཆགས་འདུག་ཅེས་གསུངས་བྱུང་།
ཡང་སུད་སི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་ཡོ་རོབ་ཀྱི་རྒྱ་རིགས་འབྲེལ་མཐུད་པ་དང་གནས་དོན་དབྱེ་ཞིབ་པ་སངས་རྒྱས་སྐྱབས་ལགས་ཀྱིས་ངོས་འཛིན་གནང་བར། བོད་མི་རིགས་ཀྱི་ངོ་བོ་འཛིན་བྱེད་ཀྱི་བོད་ཀྱི་རིག་གཞུང་དང་ཆོས། བོད་འཚོ་བྱེད་ཀྱི་ཡོད་ཚད་འདི་རྩ་མེད་བཟོ་བཞིན་ཡོད་པ་འདི་རྒྱ་ནག་གི་སྲིད་བྱུས་དང་དམིགས་ཡུལ་རེད། དེར་བརྟེན་བོད་ཀྱི་དགོན་པ་ནི་བོད་ཀྱི་སྲོལ་རྒྱུན་རིག་གནས་སློབ་སྦྱོང་བྱེད་སའི་ལྟེ་གནས་ཡིན་དུས། རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་པ་ནས་བཟུང་ལས་འགུལ་རབ་དང་རིམ་པ་བྱུང་ཡོད། ད་རེས་དགོན་པར་བཅོས་སྒྲིག་བྱ་རྒྱུར་ཁ་གཡར་ནས་གྲྭ་ཤག་གཏོར་བཤིག་དང་གྲ་པ་ཡར་མར་བཏང་སྟེ་སྲིད་བྱུས་འདིའི་དམིགས་ཡུལ་གསལ་པོ་རེད། དགོན་པའི་ནང་གྲ་བཙུན་ཚད་གཞི་བཟོས་པ་དང་། དགོན་པའི་ནང་དམར་ཤོག་གི་ཆབ་སྲིད་སློབ་གསོ་བཏང་བ། རྒྱ་ནག་དམར་ཤོག་ལ་རྒྱབ་སྐྱོར་བྱེད་མཁན་གྱི་དགོན་པར་སྒྱུར་རྒྱུ། དམིགས་ཡུལ་གཙོ་བོ་ནི་བོད་ཀྱི་ཡང་དག་པའི་ནང་ཆོས་སློབ་གཉེར་དང་རྒྱུན་འཛིན་བྱེད་མི་བཅུག་པ། བོད་མི་རིགས་འདི་རྡོག་རྩ་གཅིག་སྒྲིལ་ཡོང་བའི་ནུས་པ་ཡོད་པ་མེད་པ་བཟོ་རྒྱུ་འདི་རེད། རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་འདི་ལག་བསྟར་བྱས་པ་ནས་བཟུང་སྟེ་ཁྲིམས་ཀྱི་རྒྱབ་བརྟེན་ཡོད་པའི་ངོ་བོའི་ཐོག་ནས་བོད་ཀྱི་རིག་གཞུང་དང་། སྐད་དང་ཡི་གེ མི་རིགས་རྩ་མེད་བཟོ་བའི་སྲིད་བྱུས་འདི་མངོན་གསལ་དོད་པོ་ཆགས་ཡོད། དེར་བརྟེན་དགོན་པའི་དོན་རྐྱེན་འདི་རྒྱ་ནག་གཞུང་གིས་བོད་ཐོག་ལ་འཛིན་པའི་སྲིད་བྱུས་དང་འབྲེལ་བ་ཆགས་པ་ཞིག་ཡིན་དུས། གནས་ཚུལ་དེ་རིགས་བོད་ཀྱི་ས་གནས་གཞན་དུ་ཡོང་བའི་ཉེན་ཁ་ཡོད་པ་གསལ་པོ་རེད། ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སོགས་ཕྱོགས་གང་ས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་འབོད་སྐུལ་བྱ་རྒྱུ་དང་། འདི་འདྲའི་སྲིད་བྱུས་མཚམས་འཇོག་པར་གཞུང་དམངས་སུ་ཡིན་རུང་ཚང་མས་ཤུགས་རྒྱག་དགོས་རྒྱུ་འདི་གལ་ཆེན་པོ་རེད་ཅེས་གསུངས་བྱུང་།
སེར་ཤུལ་རྫོང་གི་ཆོས་ལུགས་དྲིལ་བསྒྲགས་དང་དོ་དམ།
ད་ལོ་སེར་ཤུལ་རྫོང་གིས་ཆོས་ལུགས་ཁྱབ་ཁོངས་སུ་ ༣༣༡ ཞེས་པའི་དྲིལ་བསྒྲགས་དང་སློབ་གསོའི་ལས་འགུལ་རྒྱ་ཆེར་སྤེལ་བཞིན་ཡོད། དེའི་ནང་གི་ ༣ ཞེས་པ་དང་པོས་རྒྱལ་ཁབ་ཀྱི་འདུ་ཤེས། སྤྱི་འབངས་ཀྱི་འདུ་ཤེས། ཁྲིམས་ཀྱི་འདུ་ཤེས་ཟེར་བ་གསུམ་འཛུགས་རྒྱུ་དང་། ༣ ཞེས་པ་གཉིས་པས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་དང་། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་གྱི་གྲོས་བསྡུར། འཕྲོད་བསྟེན་བྱེད་སྒོ་བཅས་གསུམ་རེད་འདུག་ལ། ཡང་ ༡ ཞེས་པ་འདིས་དགོན་པ་རེ་རེར་ཁྲིམས་མཐུན་དང་ལག་ལེན་ཐུབ་པའི་དགོན་པའི་སྒྲིག་གཞི་བཅས་རེད་འདུག ཟི་ཁྲོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱིས་ཟླ་བ་དྲུག་པར་སྤེལ་བའི་གནས་ཚུལ་ཞིག་གི་ནང་། སྲིད་བྱུས་འདི་སེར་ཤུལ་རྫོང་གི་བོད་བརྒྱུད་ནང་བསྟན་དགོན་པ་ ༤༥ དང་བཙུན་དགོན་ལྔ་ལ་ཁྱབ་པ་དང་། གྲྭ་བཙུན་ ༢༠༠༠ ལྷག་ལ་དྲིལ་བསྒྲགས་དང་སློབ་གསོ་སྤེལ་ཟིན་པ་གནས་ཚུལ་ནང་བཀོད་འདུག
ད་དུང་དྲིལ་བསྒྲགས་དེའི་ནང་། དམར་ཤོག་ཚོགས་པ་དང་རྒྱལ་ཁབ་ཀྱི་ཁྲིམས་སྲིད་དང་། རྒྱལ་ཁབ་གཅིག་གྱུར། མི་རིགས་མཐུན་སྒྲིལ། རྒྱ་ནག་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་ཟེར་བ་སོགས་གྲྭ་བཙུན་ཚོར་སྒྲོག་འགྲེལ་བྱེད་པ་དང་། དགོན་པའི་དོ་དམ་ཁྲིམས་ལུགས་ཅན་དང་ཚད་ལྡན་ཅན་དུ་གཏོང་རྒྱུའི་སྐོར་ནན་བཤད་བྱས་ཤིང་། ད་ལོའི་དབྱར་ཁར། སེར་ཤུལ་རྫོང་མི་རིགས་ཆོས་དོན་ལས་ཁུངས་ཀྱིས་སློབ་ལོ་ལོན་པའི་བྱིས་པ་དགོན་པ་ནས་ཕྱིར་འཐེན་བྱས་ཏེ་སློབ་གྲྭར་བཀོད་སྒྲིག་བྱས་པའི་ལས་དོན་སྲ་བརྟན་ཡོང་ཆེད། དབྱར་ཁའི་གུང་གསེང་རིང་བྱིས་པར་སྡོད་ས་དང་སློབ་ཚན་བཀོད་སྒྲིག་གི་ལས་གཞི་སྤེལ་ཡོད་འདུག
གཞུང་གི་གཏན་འབེབས་ནང་དགོན་པའི་གྲྭ་བཙུན་གྱི་གྲངས་ཚད་དང་ཆོས་ཞུགས་བྱེད་མཁན་ལ་དོ་དམ།
རྒྱ་ནག་གི་རྒྱལ་ཁབ་ཆོས་ལུགས་ལས་དོན་ལས་ཁུངས་ཀྱིས་བསྐྱར་བཅོས་བྱས་པའི་《བོད་བརྒྱུད་ནང་བསྟན་གྱི་དགོན་པའི་དོ་དམ་བྱ་ཐབས།》ཞེས་པ་དེ་ ༢༠༢༥ ལོའི་ཟླ་ ༡ ཚེས་ ༡ ནས་ལག་བསྟར་བྱས་ཡོད་ཅིང་། གཏན་འབེབས་དེའི་ནང་། དགོན་པ་དང་ཆོས་བྱེད་མི་སྣས་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ལ་རྒྱབ་སྐྱོར། རྒྱ་ནག་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་ཟེར་བ་སྲ་བརྟན་དང་ཆོས་ལུགས་རྒྱ་ནག་ཅན་གྱི་ཕྱོགས་ལ་མུ་མཐུད་སྐྱོད་དགོས་པ་བཀོད་ཡོད་ལ། ད་དུང་གཏན་འབེབས་དེའི་དོན་ཚན་ ༡༥ དང་ ༡༦ ལ་གཞིགས་ན། དགོན་པ་རེ་རེའི་གྲྭ་བཙུན་གྱི་ཞལ་གྲངས་དེ་དགོན་པའི་ཤོང་ཚད་དང་དཔལ་འབྱོར་ནུས་པར་གཞི་བཞག་ནས་གཏན་འཁེལ་དང་། ཆོས་བྱེད་མི་སྣའི་གྲངས་ཚད་དེ་ལས་བརྒལ་མི་ཆོག་པ། གྲྭ་བཙུན་གྱི་མིང་ཐོ་རྫོང་རིམ་པའི་ཆོས་དོན་ལས་ཁུངས་ལ་དུས་བཀག་ལྟར་ཕུལ་དགོས་པ་གསལ་འདུག གྲྭ་བཙུན་གསར་པ་ཞིག་དགོན་པར་བསྡུ་དགོས་ན་ཡང་དགོན་པའི་དོ་དམ་ཚོགས་པའི་མོས་མཐུན་དང་ས་གནས་ནང་པའི་ཚོགས་པའི་ཞིབ་བཤེར་བརྒྱུད་དེ་རྫོང་རིམ་པའི་ཆོས་དོན་ལས་ཁུངས་ལ་ཐོ་འགོད་བྱ་དགོས་ཤིང་། ལོ་ཆུང་དགོན་པར་ཆོས་ཞུགས་བྱ་ཕྱོགས་ཐད་གཏན་འབེབས་དེས་འོས་འགན་སློབ་གསོའི་ལོ་ཚད་ནང་གི་བྱིས་པ་དགོན་པར་བསྡུས་ཏེ་ཆོས་སློབ་སྦྱོང་བྱེད་དུ་འཇུག་མི་ཆོག་ཅེས་བཀོད་འདུག དགོན་པའི་ནང་དུ་ནང་ཆོས་སློབ་སྦྱོང་འཛིན་གྲྭར་བསྡུ་བའི་སློབ་མ་ཡང་སྤྱིར་ལོ་ ༡༨ ལོན་དགོས་སྐོར་དོན་ཚན་ ༢༩ ཡི་ནང་བཀོད་འདུག
རྒྱ་ནག་གཞུང་གི་གཏན་འབེབས་དང་བོད་ནང་གི་བོད་མིའི་སེམས་འཚབ།
རྒྱ་ནག་གཞུང་གི་ཆོས་ལུགས་སྲིད་བྱུས་འདི་རྣམས་ནི་ཁྲིམས་ལྟར་ཆོས་ལུགས་དོ་དམ་དང་། དགོན་པའི་དོ་དམ། ཆོས་ལུགས་རྒྱུན་འཛིན། ལོ་ཆུང་བྱིས་པར་འོས་འགན་སློབ་གསོ་ཐོབ་པར་འགན་སྲུང་བྱེད་ཆེད་ཡིན་པ་འགྲེལ་བརྗོད་བྱེད་ཀྱི་ཡོད།
འོན་ཀྱང་བོད་ནང་ནས་ད་རེས་སེར་ཤུལ་དགོན་གྱི་གྲྭ་ཤག་བཤིག་པ་དང་གྲྭ་རྒྱུན་གཞོན་པ་ཕྱིར་འཐེན་བྱེད་ཀྱི་ཡོད་པ་དེས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་མི་རབས་རྗེས་མར་རྒྱུན་འཛིན་བྱེད་པའི་གནས་བབ་ཉམས་ཆག་འགྲོ་བར་སེམས་འཚབ་གནང་ཡོད།
དེ་བཞིན་ ༢༠༢༤ ལོའི་སེར་ཤུལ་གྲོང་རྡལ་གྱི་གཞུང་འབྲེལ་ཡིག་ཆ་ཞིག་གི་ནང་ལོ་ཆུང་བྱིས་པ་དགོན་པར་ཆོས་ཞུགས་བྱེད་པའམ་ནང་ཆོས་སློབ་སྦྱོང་བྱེད་པར་བཀག་སྡོམ་དང་། གྲྭ་ཤག་རེ་རེ་དང་མི་རེ་རེར་ཞིབ་བཤེར། སློབ་ལོ་ལོན་པའི་བྱིས་པ་དགོན་པར་བསྡུ་མི་ཆོག་པ་བཅས་གསལ་པོ་བཀོད་འདུག་ཅིང་། སེར་ཤུལ་རྫོང་དུ་ལོ་ཆུང་གྲྭ་པ་དགོན་པ་ནས་ཕྱིར་འཐེན་བྱས་པའི་གནས་ཚུལ་འདི་གསར་པ་མིན་པར། དེ་སྔ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ ༢༠༡༨ ལོར་སེར་ཤུལ་དགོན་ནས་ལོ་ ༡༥ མན་གྱི་དགེ་འདུན་པ་ ༢༠༠ ལྷག་དགོན་པར་སློབ་ཞུགས་བྱེད་མི་བཅུག་པར་གཞུང་གཉེར་སློབ་གྲྭར་བཏང་བའི་གནས་ཚུལ་ཡང་བཏོན་ཡོད།
སེར་ཤུལ་ཐེག་ཆེན་དར་རྒྱས་གླིང་དགོན་པ།
སེར་ཤུལ་ཐེག་ཆེན་དར་རྒྱས་གླིང་དགོན་པ་ནི་ ༡༧༦༠ ལོར་ཕྱག་བཏབ་པའི་དགེ་ལུགས་དགོན་པ་ཆེ་གྲས་ཤིག་ཡིན་ཞིང་། སེར་ཤུལ་རྫོང་གི་དགོན་པ་ཆེ་ཤོས་དང་། ད་ལྟ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཁོངས་ནས་དགོན་པ་ཆེ་གྲས་ཤིག་ཆགས་ཤིང་། སེར་ཤུལ་དགོན་དུ་མཚན་ཉིད་དང་གསང་སྔགས་ཀྱི་གྲྭ་ཚང་ཡོད་འདུག་ལ། བོད་ནང་མཚོན་ན། ད་ཆ་དགེ་བཤེས་མཚན་གནས་གནང་ཐུབ་མཁན་གྱི་རི་བོ་དགེ་ལྡན་པའི་སློབ་གཉེར་ལྟེ་གནས་གལ་ཆེ་ཞིག་ཀྱང་ཆགས་ཡོད་འདུག དེ་སྔའི་དགེ་འདུན་པའི་ཞལ་གྲངས་ལྟར་ན། དགོན་པ་དེར་དགེ་འདུན་པ་ ༢༠༠༠ ལྷག་བྱུང་མྱོང་ཡོད་འདུག
བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།
