སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བཙུན་མ་ལྔ་བརྒྱ་ལྷག་ལ་འཕགས་བོད་གྲུབ་ཆེན་སྐྱེས་མ་ཉེར་གཅིག་གི་གསོལ་འདེབས་ལྗགས་ལུང་བསྩལ་བ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཟླ་ ༡༠ ཚེས་ ༡༨ ཉིན་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཆིབས་བསྒྱུར་མཛད་དེ། འདི་ལོར་རྒྱ་གར་དང་བལ་ཡུལ་གཉིས་ནས་ཐོན་པའི་དགེ་བཤེས་མ་ ༣༣ དང་འཇང་དགུན་ཆོས་ནང་མཉམ་ཞུགས་གནང་མཁན་སོགས་བཙུན་མ་ཁྱོན་ ༥༠༠ ལྷག་ལ་མཇལ་ཁ་དང་། འཕགས་བོད་གྲུབ་ཆེན་སྐྱེས་མ་ཉེར་གཅིག་གི་གསོལ་འདེབས་དད་པའི་མཆོད་སྤྲིན་གྱི་ལྗགས་ལུང་བསྩལ་ཡོད་པ་རེད།

བོད་ཀྱི་བཙུན་མའི་ལས་འཆར་གྱི་འགན་འཛིན་སྤྱི་ཟུར་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས། ༧རྒྱལ་དབང་རིན་པོ་ཆེའི་ཐུགས་རྗེའི་བཀའ་དྲིན་ལ་བརྟེན་ནས་ད་ཆ་དགེ་བཤེས་མ་ཐོན་ཐེངས་དགུ་པ་དེ་ཆགས་ཀྱི་ཡོད་པ་དང་ད་རེས་སྐལ་བ་བཟང་པོ་བྱུང་ཞིང་། མ་འོངས་སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱི་ཐད་བོད་ཀྱི་བཙུན་མས་ཞབས་འདེགས་རླབས་ཆེན་བསྒྲུབ་པའི་རེ་བ་གནང་གི་ཡོད་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

འདི་ལོར་དགེ་བཤེས་མའི་བསླབ་པ་ཐར་སོན་བྱུང་པའི་དགེ་བཤེས་མ་ཁོང་རྣམས་ནི་སྐབས་དགུ་པ་ཆགས་ཀྱི་ཡོད་པ་དང་། རྒྱ་བལ་གཉིས་སུ་རྟེན་གཞི་བྱས་པའི་དགོན་སྡེ་ཁག་ལྔ་ནས་དགེ་བཤེས་མ་ ༣༣ ཐོན་པ་ཞིག་ཆགས་ཀྱི་འདུག ཁོང་རྣམས་ཀྱིས་ཕྱི་ཟླ་ ༡༠ ཚེས་ ༡༧ ཉིན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་བརྒྱུད་ནང་བསྟན་གྱི་སྐབས་ ༩ དགེ་བཤེས་མའི་བསླབ་པ་མཐར་སོན་གྱི་དམ་འཇོག་དང་མཛད་སྒོ་འཚོགས་ཡོད་པ་རེད་ལ། འདི་ལོའི་འཇང་དགུན་ཆོས་ལ་མཚོན་ན་ཐེངས་སུམ་བཅུ་པ་ཆགས་ཀྱི་འདུག་ཅིང་། དེའི་ཐོག་དགོན་སྡེ་ཁག་བཅུ་གཅིག་གི་བཙུན་མས་མཉམ་ཞུགས་གནང་ཡོད་པ་དང་། དགེ་བཤེས་མ་ཐོན་ཟིན་པ་རྣམས་ལ་༧གོང་ས་མཆོག་གི་མཇལ་ཁ་ཐོབ་པར་དགའ་ཚོར་བྱུང་ཞིང་། དགེ་བཤེས་མའི་སློབ་གཉེར་གནང་རྒྱུའི་དམིགས་ཡུལ་ཡོད་པ་རྣམས་ལ་སེམས་ཤུགས་འཕར་མ་བསྐྲུན་ཡོད་པ་གསུང་གི་འདུག
དེ་ཡང་དགེ་བཤེས་མ་ཆོས་དབྱིངས་བཟང་མོ་ལགས་ཀྱིས། དེ་སྔ་༧གོང་ས་མཆོག་གིས་མཇལ་ཁ་ཞིག་གི་སྐབས་དགེ་བཤེས་མའི་སློབ་གཉེར་གནང་དགོས་པའི་བཀའ་སློབ་ཕེབས་པ་བཞིན། ཐེངས་འདིར་རང་ཉིད་ཀྱི་ལས་འགན་ཞིག་གྲུབ་པའི་ཚོར་བ་ཞིག་བྱུང་པར་དགའ་ཚོར་ཆེན་པོ་ཡོང་གི་འདུག་ཅེས་གསུང་གི་འདུག་ལ། དགེ་བཤེས་མ་ཐུབ་བསྟན་བསྟན་འཛིན་ལགས་ཀྱིས། ལོ་ངོ་ཉི་ཤུ་ལྷག་གི་རིང་གཞུང་ཆེན་ཀ་པོད་ལྔ་ལ་ཐོས་བསམ་སློབ་གཉེར་གནང་སྟེ། ད་ཆ་དགེ་བཤེས་མ་ཐོན་གྲུབ་པ་དང་༧གོང་ས་མཆོག་གི་མཇལ་ཁ་ཐོབ་པར་བསྐལ་བ་བཟང་པོ་ཚོར་བཞིན་ཡོད་ཅེས་གསུང་གི་འདུག
ཡང་དགེ་བཤེས་མ་ཐུབ་བསྟན་སྒྲོལ་དཀར་ལགས་ཀྱིས། ཐེངས་འདིར་དགེ་བཤེས་མ་ཐོན་ཐུབ་པ་དེ་ཧ་ཅང་བསྐལ་བ་བཟང་པོ་ཚོར་གྱི་འདུག་ལ། དེ་ནི་གཙོ་བོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་དགེ་བའི་བཤེས་གཉེན། སྦྱིན་བདག་བཅས་ཀྱི་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ཞེས་གསུང་གི་འདུག

བཙུན་མ་ལྷ་མོ་ལགས་ཀྱིས། དེ་སྔ་འཇང་དགུན་ཆོས་རྒྱུན་ལྡན་འཚོགས་སྐབས་༧གོང་ས་མཆོག་གི་མཇལ་ཁ་ཐོབ་ཀྱི་མེད་ཀྱང་། ཐེངས་འདིར་མཇལ་ཁ་ཐོབ་པ་ནི་བསོད་ནམས་ཆེན་པོ་བྱུང་ཞིང་། ལྷག་པར་དུ་འཕགས་བོད་གྲུབ་ཆེན་སྐྱེས་མ་ཉེར་གཅིག་གི་གསོལ་འདེབས་ཀྱི་ལྗགས་ལུང་དེ་བཞིན་༧གོང་ས་མཆོག་གི་སྐུ་མདུན་ནས་ཐོབ་པར་དེ་བས་བསོད་ནམས་ཆེ་བ་བྱུང་ཞེས་གསུང་གི་འདུག་ལ། ཁོང་ལྟ་བུ་ད་ཆ་དབུ་མ་ལོ་རིམ་གསུམ་པར་བསླེབས་ཡོད་ཅིང་། ཁྱོན་དགེ་བཤེས་མ་ཐོབ་པར་ལོ་དགུ་ལྷག་ཡོད་དུས་སྐབས་དེར་༧གོང་ས་མཆོག་སྐུ་བཞུགས་མཛད་ངེས་ཡིན་པས་ང་ལ་གོ་སྐབས་ད་དུང་ཐོབ་རྒྱུ་ཡོད་པའི་ཚོར་བ་སྐྱིད་པོ་ཞིག་ཡོང་གི་འདུག་ཅེས་གསུངས་བྱུང་།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འཕགས་བོད་གྲུབ་ཆེན་སྐྱེས་མ་ཉེར་གཅིག་གི་གསོལ་འདེབས་ལྗགས་ལུང་བསྩལ་གྲུབ་རྗེས། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གནས་གཟིགས་སུ་ཆིབས་བསྒྱུར་མཛད་སོང་།
རི་བོ་དགེ་ལྡན་པའི་མདོ་སྔགས་ཀྱི་གཞུང་ཆེན་ལ་སློབ་གཉེར་གནང་བའི་བརྒྱུད་རིམ་ལྟར་ན། མདོ་སྔགས་གཉིས་ལ་སློབ་གཉེར་མཐར་སོན་བྱུང་བའི་དགེ་བཤེས་མ་རྣམས་ཀྱིས། གོ་སྐབས་དང་བསྟུན་རིགས་གཅིག་རྐང་འཛིན་ཐོག་ཉམས་ཞིབ་ཀྱི་སློབ་གཉེར་གནང་མཁན་ཁག་ཅིག་དང་། རྒྱ་གར་ནང་ཆོས་ཚོགས་སོགས་ཤེས་ཡོན་དང་འབྲེལ་བའི་ཚོགས་ཆེན་དུ་ཞུགས་མཁན་དང་། མང་ཚོགས་ཁྲོད་ནང་ཆོས་ངོ་སྤྲོད་དང་ཤེས་ཡོན་སྡེ་ཁག་ཏུ་ལྟ་གྲུབ་སློབ་དཔོན་སོགས་གནང་མཁན་ཡང་མང་དག་ཅིག་འབྱུང་བཞིན་ཡོད་པ་རེད།།
པར་ལེན། བདེ་སྐྱིད་ཀུན་སྒྲོལ།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
