སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་བྱང་ཕྱོགས་མཁར་ཆུ་པདྨ་གརྦྷ་ཆོས་ཚོགས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུས་པ།
ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༢༤ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཆོས་རྭའི་ནང་། རྒྱ་གར་བྱང་ཕྱོགས་མཁར་ཆུ་པདྨ་གརྦྷ་ཆོས་ཚོགས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུས་ཤིང་། བརྟན་བཞུགས་འདིའི་ཐོག་བཅར་མཁན་གྱི་ཧི་མ་ལ་ཡའི་དད་ལྡན་པ་ཕལ་ཆེ་བ་ནི་༧གོང་ས་མཆོག་གི་མཇལ་ཁ་ཐོག་མ་ཐོབ་པ་ཤ་སྟག་རེད་འདུག
དེ་ཡང་བརྟན་བཞུགས་གོ་སྒྲིག་གནང་མཁན་མཁར་ཆུ་པདྨ་གརྦྷ་ཆོས་ཚོགས་པའི་ལས་བྱེད་བསྟན་འཛིན་བྱང་ཆུབ་ལགས་ཀྱིས། ཐེངས་འདིའི་བརྟན་བཞུགས་ནི་གཙོ་བོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཡུན་དུ་བརྟན་ཆེད་ཡིན་ཞིང་། བརྟན་བཞུགས་གཞན་དང་མི་འདྲ་བ་ད་ལན་དམིགས་བསལ་ཅན་ཞིག་ནི། འདིར་བཅར་མཁན་ཕལ་ཆེ་བ་ནི་ཡུན་རིང་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་འདོད་ཀྱང་། མཇལ་ཁ་གང་འདྲ་ཞུ་དགོས་མིན་སོགས་ཀྱི་འགྲོ་ལུགས་མི་ཤེས་མཁན་ཤ་སྟག་ཡིན་པས། དུས་རྒྱུན་༧གོང་ས་མཆོག་གིས་ཧི་མ་ལ་ཡའི་མི་མང་ལ་འཆམ་མཐུན་དགོས་པ་བཀའ་བསྩལ་གནང་གི་ཡོད་པ་བཞིན། ཁོང་རྣམས་ནས་ཐེངས་འདིར་མཇལ་ཁ་འདི་ལྟ་བུ་གོ་སྒྲིག་ཞུས་ཐུབ་པར་བསོད་ནམས་རྒྱ་ཆེ་གྲུབ་པའི་ཚོར་བ་བྱུང་གི་འདུག་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
བསོད་ནམས་དབང་ཕྱུག་ལགས་ཀྱིས། འདིར་བསླེབས་ནས་མཇལ་ཁ་ཐོབ་པ་ད་ལན་ཐེངས་དང་པོ་ཡིན་པས། ད་ཤི་ན་ཡང་འགྱོད་པ་དང་སེམས་ཁྲལ་གང་ཡང་མེད། ཤི་བའི་རྗེས་སུ་ཕོ་བ་ཐོབ་པ་ལྟ་བུའི་ཚོར་བ་ཧ་ཅང་སྐྱིད་པོ་བྱུང་། སེམས་ལ་ཞི་བདེ་ཆེན་པོ་ཐོབ་བྱུང་ཞེས་དང་། བསོད་ནམས་དབང་རྒྱལ་ལགས་ཀྱིས། དེ་ལྟ་བུའི་ཉེ་འགྲམ་ནས་༧གོང་ས་མཆོག་གི་མཇལ་ཁ་ཞིག་ད་བར་ཐོབ་མ་མྱོང་། ཧ་ཅང་སྐྱིད་པོ་བྱུང་། ༧གོང་ས་མཆོག་དགུང་གྲངས་ ༡༣༠ ལྷག་བཞུགས་པའི་སྨོན་ལམ་ཡོད་ཅེས་གསུང་གི་འདུག ཡང་རྣམ་རྒྱལ་སྒྲོལ་མ་བྷོཊིཡ་ལགས་ཀྱིས། ང་དང་མཉམ་དུ་མི་ཉི་ཤུ་ཡོད་པ་ཆ་ཚང་ཐེངས་འདིར་མཇལ་ཁ་ཐོབ་པ་ཐེངས་དང་པོ་ཡིན། ཧ་ཅང་སྐྱིད་པོ་དང་སེམས་ནང་འགྲེལ་བརྗོད་མི་ཐུབ་པའི་ཚོར་བ་ཞིག་བྱུང་ཞེས་གསུང་གི་འདུག་ལ། རྣམ་རྒྱལ་བྷོཊིཡ་ལགས་ཀྱིས། དེ་རིང་ཐེངས་དང་པོ་མཇལ་ཁ་ཐོབ་བྱུང་བ་དང་། ང་ཚོར་ད་བར་མཇལ་ཁ་དེ་ལྟ་བུ་ཐོབ་མྱོང་མེད་པས་ཐེངས་འདིར་མཇལ་ཁ་ཐོབ་པར་ཧ་ཅང་བསོད་ནམས་ཆེན་པོ་དང་དགའ་སྐྱོ་ཟུང་སྦྲེལ་གྱི་ཚོར་བ་བྱུང་། ད་དུང་ང་ཚོའི་ས་གནས་ལ་རྒན་རྒོན་མཇལ་ཁ་ཐོབ་མེད་པ་མང་པོ་ཡོད་པས་ཁོ་ཚོར་ཡང་མཇལ་ཁ་ཐོབ་ན་ཧ་ཅང་ཡག་པོ་ཡོང་ས་རེད། ཅེས་གསུང་གི་འདུག
སྤི་ཏི་ནས་ཡིན་པ་ཀུན་བཟང་བསྟན་འཕེལ་ལགས་ཀྱིས། རྩ་བའི་ཧི་མ་ལ་ཡའི་ནང་པ་ཚང་མས་༧གོང་ས་མཆོག་ལ་གུས་བཀུར་ཆེས་མཐོ་ཤོས་དང་ཟབ་མོ་ཞུ་ཡི་ཡོད་ལ། ང་ཚོས་རྟག་ཏུ་༧གོང་ས་མཆོག་སྐུ་ཚེ་བརྟན་པའི་སྨོན་ལམ་འདེབས་ཀྱི་ཡོད་ཅེས་གསུང་གི་འདུག
ཐེངས་འདིའི་བརྟན་བཞུགས་ཆེད་ཀ་རྡོར་སྒང་གསུམ་གཙོ་བོར་བྱས་པའི་ཧི་མ་ཅཱལ་པང་ཀི་ཞེས་པའི་ས་ཁུལ་ནས་ཁྱོན་དད་ལྡན་པ་ ༣༧༠ ཙམ་ཆེད་བཅར་ཞུས་འདུག་ཅིང་། བརྟན་བཞུགས་བསྟར་འབུལ་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཚོག་གིས། མ་ཎི་དང་སྒྲོལ་མ། གུ་རུ་བཅས་ཀྱི་ཟུངས་སྔགས་ཀྱི་ལྗགས་ལུང་སྩལ་གནང་མཛད་འདུག
གཞན་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཕྱི་ཟླ་ ༡༢ པའི་འགོ་སྟོད་དུ་རྒྱ་གར་ལྷོ་ཕྱོགས་སུ་ཆིབས་བསྒྱུར་མ་བསྐྱང་གོང་། ཟླ་ ༡༡ ཚེས་ ༢༨ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་ཆོས་ར་གསར་པ་དབུ་འབྱེད་དང་བསྟུན་རྒྱལ་བའི་སྐུའི་གོ་སྟོན་དང་འབྲེལ་བའི་བཀྲིན་རྗེས་དྲན་གྱི་བརྟན་བཞུགས་བསྟར་འབུལ་ཐོག་ཆིབས་བསྒྱུར་མཛད་རྒྱུ་རེད་འདུག
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
འབྲེལ་ཡོད་གནས་ཚུལ།
རྒྱ་གར་གཞུང་གིས་ལྡི་ལིར་༧གོང་ས་མཆོག་ལ་བཞུགས་ཡུལ་ཕོ་བྲང་ཞིག་ཕུལ་འདུག
