སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མི་སྐུ་ཞབས་མཡེ་ཀལ་མེཀ་ཀོལ་ལགས་སུ་ཁོང་གིས་དུས་ཡུན་རིང་པོར་བོད་མི་མང་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་གསུང་འཕྲིན་བསྩལ་འདུག
དེ་ཡང་མཡེ་ཀལ་མེཀ་ཀོལ་(Michael McCaul) ཁོང་ཨ་རིའི་གྲོས་ཚོགས་ཐེངས་ ༡༡༩ པའི་རྗེས་སུ་འོས་བསྡུའི་ནང་བཞེངས་མེད་སྟབས། ཕྱི་ལོ་ ༢༠༢༧ ཟླ་ ༡ པོའི་ནང་གྲོས་ཚོགས་འཐུས་མིའི་ལས་འཁུར་ནས་འཁྱུར་གྱི་ཡོད་པ་ལྟར། ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༡༨ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སིར་ཁོང་ལ་ཆེ་བསྟོད་ཀྱི་དགྱེས་སྟོན་མཛད་སྒོ་ཞིག་ཚོགས་ཡོད་པར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་བསྩལ་གནང་མཛད་ཡོད་པ་དེ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་རི་ཆརཌི་གྷིཡར་ལགས་ཀྱིས་སྒྲོག་སྦྱང་ཞུས་ཡོད་ཅིང་། གསུང་འཕྲིན་ནང་། མེཀ་ཀོལ་གྱིས་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོའི་འགན་འཁུར་བཞེས་པའི་ཐོག་ནས་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀྱི་བོད་དོན་རྒྱབ་སྐྱོར་སྣེ་ཁྲིད་གནང་པར་བསྔགས་བརྗོད་མཛད་པ་དང་། ཁོང་གིས་བོད་དང་འབྲེལ་བའི་ཁྲིམས་བཟོའི་ལས་དོན་སྣ་མང་བརྒྱུད་བོད་མི་ཚོར་བོད་རྒྱའི་རྩོད་རྙོག་ཞི་བའི་ཐོག་ནས་ཐག་གཅོད་བྱེད་པར་“རེ་བ་དང་སེམས་ཤུགས་”སྤྲད་ཡོད་ཅེས་བཀའ་གནང་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གསུང་འཕྲིན་ནང་ད་དུང་། “ངས་ཨ་མི་རི་ཀའི་དམངས་གཙོ་དང་མི་རིགས་ཚང་མ་འདྲ་མཉམ་དང་མི་དམངས་ཀྱི་འཚོ་གནས་ཀྱི་ཐོབ་ཐང་། རང་དབང་། བདེ་སྐྱིད་འཚོལ་བ་བཅས་ཀྱི་གཞི་རྩའི་རིན་ཐང་ལྡན་པའི་ཁྱད་ཆོས་ལ་ཡིད་སྨོན་བྱེད་ཀྱི་ཡོད་ལ། ཨ་རིའི་དམངས་གཙོའི་སྒྲིག་འཛུགས་བརྟན་པོ་དང་ཁྲིམས་ལུགས་ལ་བརྩི་འཇོག་དང་གཞི་རྩ་འཛིན་པ་དེས་འཛམ་གླིང་ནང་ཨ་རིར་ཆེ་མཐོང་ཤུགས་ཆེ་སྐྲུན་པར་ཕན་ཐོགས་ཆེན་པོ་བྱུང་ཡོད། དེ་འདྲ་སོང་ཙང་ངོས་ནས་ཁྱེད་ཀྱིས་ལོ་ངོ་མང་ལྷག་བསམ་རྣམ་དག་གིས་སྤྱི་པའི་ཞབས་ཞུ་སྒྲུབ་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཀྱིས་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོའི་འགན་འཁུར་འཁྱེར་བའི་སྐབས་ཁྱེད་ཀྱིས་ཆབ་སྲིད་ཚོགས་པ་ཟུང་འབྲེལ་གྱི་ཐབས་ལམ་རྒྱུད་ཨ་རིའི་མི་དམངས་ཀྱི་རེ་འདོད་དེ་ཚོགས་པ་བྱེ་བྲག་པའི་འདོད་འདུན་ལས་གོང་དུ་བཀུར་ཡོད། ཁྱེད་ཀྱིས་དམིགས་བཀར་བོད་མི་རིགས་ལ་དོ་སྣང་དང་ཐུགས་འཁུར་གནང་བར་ངོས་ཀྱིས་བསྔགས་བརྗོད་གཏིང་ཟབ་བྱེད་བཞིན་ཡོད། ཁྱེད་ཀྱིས་སྣེ་ཁྲིད་དང་བོད་དོན་ཐོག་ཐུགས་ཁུར་རྒྱབ་སྐྱོར་གནང་བ་དེ་དག་གིས་བོད་མིའི་ཆབ་སྲིད་ཀྱི་གནད་དོན་འཚེ་མེད་ཞི་བའི་ཐོག་ནས་ཐག་གཅོད་ཡོང་བར་ཨ་རིའི་རྒྱབ་སྐྱོར་མུ་མཐུད་ཐོབ་རྒྱུར་རེ་བ་དང་སེམས་ཤུགས་སྤེལ་ཡོད་” ཅེས་བཀའ་བསྩལ་འདུག

རྡ་རམ་ས་ལར་འཚམས་གཟིགས།
དེ་བཞིན་༧གོང་ས་མཆོག་གིས་བཀའ་ཡིག་དེའི་ནང་ཕྱི་ལོ་ ༢༠༢༤ ཟླ་ ༦ ནང་མཡེ་ཀལ་མེཀ་ཀོལ་ (Michael McCaul) མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ལས་གྲུབ་པའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་རྡ་རམ་ས་ལར་ཕེབས་སྐབས་༧གོང་ས་མཆོག་དང་མཇལ་འཕྲད་ཞུས་པར་ཐུགས་དྲན་གསོ་མཛད་དོན་དུ། “ཁྱེད་ཀྱིས་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་སྣེ་ཁྲིད་དེ་རྡ་རམ་ས་ལར་ཕེབས་པ་དེས་ང་ལ་དམིགས་བསལ་གྱི་སེམས་འགུལ་ཐེབས་བྱུང་། ཁྱེད་རང་དང་ཁྱིད་ཀྱི་སྐུ་ཟླ་མེཀ་ཀོལ་གཉིས་ཀྱིས་བོད་ཀྱི་རིག་གཞུང་དང་ཆོས་ལུགས་ཀྱི་སྲོལ་རྒྱུན་ལ་དོན་དམ་གྱི་དོ་སྣང་བྱས་པ་དེ་ཡིས་ཁྱེད་ཀྱི་བོད་མི་མཉམ་དུ་འབྲེལ་བ་དེ་གཞུང་འབྲེལ་གྱི་འགན་འཁྲི་ལས་འདས་པ་ཞིག་ཆགས་པ་གསལ་པོར་བསྟན་ཡོད།”ཅེས་འཁོད་འདུག
རྩ་བའི་སྐབས་ ༡༡༩ པའི་ཨ་རིའི་གྲོས་ཚོགས་ཀྱི་ལས་ཡུན་འདི་ནས་ཨ་མེ་རི་ཀའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མཡེ་ཀལ་མེཀ་ཀོལ་ (Michael McCaul) ལགས་དང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སི་མཆོག་བཅས་ཀྱིས་སྣེ་ཁྲིད་པའི་ཨ་རིའི་སྲིད་དོན་ཚོགས་པ་ཟུང་སྦྲེལ་གྱི་སྐུ་ཚབ་ཚོགས་ཆུང་ཞིག་ཕྱི་ལོ་ ༢༠༢༤ ཟླ་ ༦ ནང་བཞུགས་སྒར་རྡ་རམ་ས་ལར་ཕེབས་ཏེ་༧གོང་ས་མཆོག་ལ་མཇལ་བཅར་ཞུས་ཏེ། བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་དེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྤྱན་འབུལ་དང་སྙན་གསེང་ཞུས་ཡོད།

བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་ ༢༠༢༤ གཏན་འབེབས།
ཨ་རིའི་གྲོས་ཚོཊ་འོག་མའི་མང་གཙོ་ཚོགས་པའི་འཐུས་མི་འཇེམསི་མེཀ་གྷོ་ཝརན་དང་། སྤྱི་མཐུན་ཚོགས་པའི་འཐུས་མི་མཡེ་ཀལ་མེཀ་ཀོལ་རྣམ་གཉིས་ནི་ཕྱི་ལོ་ ༢༠༢༤ ལོར་གཏན་འབེབས་གནང་པའི་བོད་རྒྱའི་རྩོད་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་ཡིག་གི་ཁྲིམས་འཆར་དེ་གྲོས་ཚོགས་འོག་མའི་ནང་ཐོག་མར་འདོན་མཁན་གཙོ་བོ་གཉིས་དེ་ཡིན་པ་དང་། བོད་དོན་ཐོག་ལ་འགྱུར་བ་མེད་པའི་རྒྱབ་སྐྱོར་གནང་མཁན་ཡིན་པར་བོད་དོན་རྒྱབ་སྐྱོར་བ་ཚོས་ངོས་འཛིན་གནང་གི་ཡོད་པ་རེད།
ཁྲིམས་འཆར་དེའི་ནང་རྒྱལ་སྤྱིའི་ཁྲིམས་ཐོག་ནས་བོད་ཀྱི་གནད་དོན་འདི་དུས་ད་ལྟའང་ཐག་གཅོད་མ་ཟིན་པའི་གནད་དོན་ཞིག་ཡིན་ཞིང་། བོད་མི་རྣམས་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པར་ངོས་འཛིན་དགོས་པ། དེ་བཞིན་༸གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་གྲོས་མོལ་བསྐྱར་གསོ་མ་གནང་བ་དེ་རྒྱ་ནག་གི་ནོར་འཁྲུལ་ཞིག་ཡིན་པ། མ་ཟད་རྒྱ་ནག་གི་ལོ་རྒྱུས་ཁྲོད་བོད་ཐོག་བདག་དབང་ཡོད་སྐོར་བརྗོད་བཞིན་པ་དེ་འཁྱོག་བཤད་འབའ་ཞིག་ཡིན་པ་དང་། བོད་རྒྱའི་དཀའ་རྙོག་འདི་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་གྲོས་མོལ་གྱི་ལམ་ནས་སེལ་དགོས་པ་སོགས་ཀྱི་གནད་དོན་འཁོད་ཡོད་པ་རེད།
བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་ཡིག་ ༢༠༢༠ ལ་རྒྱབ་སྐྱོར།
ཕྱི་ལོ་ ༢༠༢༠ ལོར་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་སྤྱི་མཐུན་ཚོགས་པའི་མཐོ་རིམ་ཚོགས་མིའི་འགན་འཁུར་སྐབས་གྲོས་ཚོགས་འཐུས་མི་མཡེ་ཀལ་མེཀ་ཀོལ་ལགས་ཀྱིས་དམངས་གཙོ་ཚོགས་པའི་འཐུས་མི་ཇིམ་མེག་གྷོ་ཝར་ལགས་ཀྱིས་ངོ་སྤྲོད་གནང་བའི་ ༢༠༡༩ ལོའི་བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་ལ་ཡོངས་བསྒྲགས་ཐོག་རྒྱབ་སྐྱོར་གནང་ཡོད།
ཁྲིམས་འཆར་དེ་ནི་ ༢༠༠༢ ལོའི་བོད་ཀྱི་སྲིད་བྱུས་ཁྲིམས་ཡིག་ལ་ཁ་སྣོན་དང་བསྐྱར་བཅོས་བྱས་པ་དང་། ཨ་རིའི་བོད་ཀྱི་ཆོས་དད་རང་དབང་། རིག་གཞུང་སྲུང་སྐྱོབ་དང་འགྲོ་བ་མིའི་ཐོབ་ཐང་བཅས་ཀྱི་ཐད་ཨ་རིའི་སྲིད་བྱུས་ཤུགས་ཆེ་རུ་བཏང་ཡོད། ལྷག་པར་ཁྲིམས་འཆར་དེའི་ནང་ཏཱ་ལའི་བླ་མའི་ཡང་སྲིད་དང་བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་རྣམ་པ་ངོས་འཛིན་ཐག་ཅོད་ཞུ་རྒྱུར་རྒྱ་ནག་གཞུང་གིས་ཐེ་ཇུས་མེད་པར་བོད་བརྒྱུད་ནང་བསྟན་གྱི་ཚོགས་པ་དང་ཆོས་ལུགས་དབང་འཛིན་ཀྱི་གནད་དོན་ཡིན་པ་གཏན་འབེབས་བྱས་ཡོད་ལ། ཅི་སྟེ་ཡང་སྲིད་ངོས་འཛིན་ཞུ་བའི་བརྒྱུད་རིམ་ཁྲོད་རྒྱ་ནག་གཞུང་དང་དཔོན་རིགས་ནས་ཐེ་བྱུས་བྱས་ཚེ་ཨ་རིའི་གཞུང་གིས་དེའི་ཐོག་དཔལ་འབྱོར་དང་། ཚོང་དོན། ཐོངས་མཆན་སོགས་བཀག་སྡོམ་གྱི་ཉེས་ཆད་གཅོད་རྒྱུ་སོགས་ཁྲིམས་འཆར་ནང་གཏན་འབེབས་བྱས་ཡོད།

མ་འོངས་བོད་ཀྱི་འགན་ལེན་ཁྲིམས་འཆར་འདོན་སྤེལ།
ཕྱི་ལོ་ ༢༠༢༦ ཟླ་ ༥ ཚེས་ ༢༡ ཉིན་གྲོས་ཚོགས་འོག་མའི་འཐུས་མི་འཇེམསི་མེཀ་གྷོ་ཝརཎ་ (Jim McGovern) ལགས་དང་། མཡེ་ཀལ་མེཀ་ཀོལ་(Michael McCaul) ལགས་རྣམ་གཉིས་ཀྱིས་ཁྲིམས་འཆར་གསར་པ་ H.R. 8982བཏོན་ཡོད་པ་དང་། ཁྲིམས་འཆར་འདིས་དབུས་བོད་མིའི་སྒྲིག་འཛུགས་ལ་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ངོས་འཛིན་ཞུས་ཐོག་སྲིད་སྐྱོང་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་ལ་ཆེ་མཐོང་གོང་མཐོར་གཏོང་རྒྱུའི་ཆ་རྐྱེན་བཀོད་ཡོད་པ་དང་། ༢༠༢༦ མ་འོངས་བོད་ཀྱི་འགན་ལེན་ཁྲིམས་འཆར་(Assuring the Future of Tibet Act of 2026) དེའི་ནང་ཨ་རིའི་གཞུང་གིས་དབུས་བོད་མིའི་སྒྲིག་འཛུགས་དང་འབྲེལ་བ་གནང་ཕྱོགས་ལ་གཞི་རིམ་གྱི་ཐོག་ནས་འགྱུར་བ་གཏང་རྒྱུ་དང་། ཨ་རིས་བོད་མི་མང་ལ་རྒྱུན་མཐུད་དེ་རྒྱབ་སྐྱོར་གནང་དགོས་པ་འདི་གཙོ་བོར་གླེང་ཡོད་པ་རེད།
ཁྲིམས་འཆར་འདི་གཏན་འབེབས་བྱུང་མཚམས་དེས་དབུས་བོད་མིའི་སྒྲིག་འཛུགས་འདི་ཉིད་བོད་མི་མང་གི་ཁྲིམས་མཐུན་སྐུ་ཚབ་དུ་ངོས་འཛིན་བྱེད་རྒྱུ་དང་། ཨ་རིའི་གཞུང་གི་འབྲེལ་ཡོད་ལས་ཁུངས་དང་མི་སྣ་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་དང་འབྲེལ་བ་བྱེད་དགོས་པའི་བཀོད་འདོམས་དང་ལམ་སྟོན་གནང་གི་ཡོད་།
བོད་ཀྱི་ཆོས་དང་རིག་གཞུང་ལ་མུ་མཐུད་དོ་འཁུར་གནང་པའི་རེ་འདུན།
༧གོང་ས་མཆོག་གིས་གསུང་འཕྲིན་ཕེབས་པའི་ནང་ད་དུང་། “ཁྱེད་ཀྱིས་མི་ཚེའི་ལེའུ་གསར་པ་འགོ་འཛུགས་བྱེད་པར་ཁྱེད་དང་སྐུ་ཟླ་གཉིས་ལ་བདེ་སྐྱིད་དང་ཕུན་སུམ་ཚོགས་པའི་སྨོན་འདུན་ཡོད། ཁྱེད་ཀྱིས་རྡ་སར་གཟིགས་ཚོར་བྱུང་པའི་གོམས་སྲོལ་དང་སློབ་སྐྱེད་ཐད་མུ་མཐུད་འཚོལ་ཞིབ་གནང་པའི་རེ་བ་ཡོད་ལ་སླར་ཡང་མཇལ་བར་སྨོན།”ཞེས་བཀའ་ཕེབས་འདུག
ལོ་བཅུ་ཕྲག་གཉིས་ལྷག་ཙམ་རིང་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཊེག་སས་ (Texas) མངའ་སྡེའི་འཐུས་མི་འོས་འདེམས་བྱུང་བ་སྐུ་ཞབས་མཡེ་ཀལ་མེཀ་ཀོལ་ལགས་ཀྱིས་༢༠༢༥ ཟླ་༩ ནང་ཁོང་གིས་འོས་སྡུའི་ནང་བསྐྱར་དུ་བཞེངས་རྒྱུ་མིན་པའི་གསལ་བསྒྲགས་གནང་ཡོད། མེཀ་ཀོལ་ལགས་ཀྱིས་ཕྱི་ལོ་ ༢༠༠༥ ནས་འགོ་འཛུགས་ཀྱིས་ཨ་རིའི་གྲོས་ཚོགས་ཀྱི་འཐུས་མིའི་ལས་འཁུར་གནང་ཡོད་པ་དང་། ཕྱི་ལོ་ ༢༠༢༣ ནས་ ༢༠༢༥ བར་ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་གནང་ཡོད། འོན་ཀྱང་ཕྱི་ལོ་ ༢༠༢༥ ཟླ་ ༩ ནང་ཁོང་མུ་འཐུད་ཨ་རིའི་འོས་བསྡུའི་ནང་བཞེངས་རྒྱུ་མིན་པའི་གསལ་བསྒྲགས་གནང་ཡོད་པ་ལྟར། ཕྱི་ལོ་ ༢༠༢༧ ཟླ་ ༡ ནས་ལས་འཁུར་ནས་འཁྱུར་གྱི་ཡོད་པ་རེད།།
པར་རིས་སྒྲིག་བཟོ་བ། ནོར་སྡེ་སྒྲོལ་མ།
འབྲེལ་ཡོད་གནས་ཚུལ།
༧སྐུའི་ཡང་སྲིད་ཐད་རྒྱ་ནག་གིས་ཐེ་ཇུས་མི་ཆོག་པའི་ཁྲིམས་ཡིག་བསྐྱར་བཅོས་ཀྱི་གྲོས་འཆར།
བོད་མིའི་སྒྲིག་འཛུཊ་དང་འགོ་ཁྲིད་ལ་ཨ་རི་དང་རྒྱལ་ཚོཊ་ནས་ངོས་འཛིན་དགོས་པའི་ཁྲིམས་འཆར།
