ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མི་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་ཕེབས་འབྱོར་བྱུང་བ།

2024.06.18
ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀྱི་གྲོས་ཚོགས་འཐུས་མི་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དུ་ཕེབས་འབྱོར་བྱུང་བ།
Photo: RFA

ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༡༨ ཉིན་ཨ་རིའི་གྲོས་ཚོགས་འོག་མིའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་མཡེཀེལ་མེཀཽལ་ (Michael McCaul) མཆོག་གིས་སྣེ་ཁྲིད་པའི་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ལས་གྲུབ་པའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་རྡ་རམ་ས་ལར་ཕེབས་འབྱོར་བྱུང་བ་དང་། སྐབས་དེར་སྐུ་ཞབས་ (Michael McCaul) མཆོག་གིས་བཞུགས་སྒར་དུ་འབྱོར་བ་དང་མཉམ་སང་ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་རྒྱུ་ཡིན་པར་དགའ་ཚོར་ཆེན་པོ་ཡོད་པ་དང་། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བོད་དོན་དཀའ་རྙོག་སེལ་བར་སྐུལ་འདེད་གཏོང་བའི་ཁྲིམས་འཆར་དང་འབྲེལ་ཨ་རིའི་སྲིད་འཛིན་འཇཱོ་བྷཡེཌན་ (Joe Biden) མཆོག་གིས་ཁྲིམས་འཆར་དེར་རིང་མིན་མཚན་རྟགས་བསྐྱོན་གྱི་རེད་ཅེས་སྙན་གསེང་ཞུ་རྒྱུ་ཡིན་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བཀའ་འདྲི་ཞུས་པའི་ལན་འདེབས་སུ་གསུངས་བྱུང་།

མ་ཟད་ཁོང་གིས་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དང་ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སི་ (Nancy Pelosi) མཆོག་བཞུགས་སྒར་རྡ་རམ་ས་ལར་ཕེབས་པ་ནི། ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀས་བོད་མིའི་མ་འོངས་མདུན་ལམ་ཐག་གཅོད་བྱ་རྒྱུའི་ཐོབ་ཐང་ལ་རྒྱབ་སྐྱོར་ཡོད་པ་ཤིན་ཏུ་མངོན་པར་གསལ་བ་ཡིན་ཞེས་གསར་འགོད་པ་རྣམས་ལ་གསུངས་བྱུང་། 

ཨ་རིའི་གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་དང་སྤྱི་མཐུན་ཚོགས་པའི་འཐུས་མི་(Michael McCaul) མཆོག་གིས་དབུ་ཁྲིད་གནང་བའི་ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་དེའི་ཁོངས་སུ། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཟུར་པ་ལྕམ་ནན་སི་པེ་ལོ་སི་ (Nancy Pelosi) མཆོག་དང་།གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་མང་གཙོ་ཚོགས་པའི་འགོ་ཁྲིད་ (Gregory Meeks) མཆོག ཨ་རིའི་གྲོས་ཚོགས་འོག་མའི་སྒྲིག་ཁྲིམས་ཚོགས་ཆུང་གི་ཚོགས་གཞོན་ (Jim McGovern) མཆོག གྲོས་ཚོགས་འོག་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ནང་གསེས་རྒྱ་གར་ཞི་བདེ་རྒྱ་མཚོའི་ཚོགས་ཆུང་གིས་ཚོགས་གཞོན་ (Ami Bera) མཆོག གྲོས་ཚོགས་འཐུས་མི་ (Mariannette Miller-Meeks) མཆོག དེ་བཞིན་གྲོས་ཚོགས་འཐུས་མི་ (Nicole Malliotakis) མཆོག་བཅས་ཕེབས་གནང་ཡོད་པ་རེད།

ཨ་རིའི་སྲིད་དོན་ཚོགས་པ་གཉིས་ལས་གྲུབ་པའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་རྣམ་པ་དེ་རིང་སྔ་དྲོར་བཞུགས་སྒར་གྱི་ཉེ་འདབས་སུ་ཆགས་པའི་གཱ་གལ་གནམ་ཐང་དུ་འབྱོར་བ་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་དབུས་པའི་བཞུགས་སྒར་ཁུལ་གྱི་གཞུང་སྒེར་ཚོགས་པ་ཁག་གི་སྐུ་ཚབ་རྣམ་པ་དང་། དགོན་སྡེ་དང་སློབ་གྲྭ་ཁག་གི་སེར་སྐྱ་མི་མང་སོགས་གང་མང་ནས་ཕེབས་བསུའི་སྣེ་ལེན་གཟབ་རྒྱས་ཞུས་སོང་བ་དང་། སྐུ་ཚབ་ཚོགས་ཆུང་ཕེབས་པ་དང་མང་ཚོགས་ནས་སྐད་ཤུགས་ཆེན་པོས་བཀྲ་ཤིས་བདེ་ལེགས་ཞེས་དང་། ཐུགས་རྗེ་ཆེ་ཞེས་པ་སོགས་ཀྱི་ཐོག་ནས་འཚམས་འདྲི་ཞུས་སོང་།

ཨ་རིའི་གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་གི་འཐུས་མི་རྣམ་པ་གཱ་གལ་གནམ་ཐང་ནས་ཕེབས་ཐོན་གྱིས་ཧ་ཡ་ཏ་ (Hyatt) མགྲོན་ཁང་དུ་ཕེབས་འབྱོར་སྐབས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་དབུས་པའི་མཛད་གཙོ་ཁག་ཅིག་གིས་མགྲོན་ཁང་དེ་ནས་ཕེབས་བསུ་ཞུས་སོང་།

ཁོང་རྣམས་ནས་ཕྱི་ཚེས་ ༡༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་བསྟི་གནས་བོད་མི་མང་སྤྱི་འཐུས་གྲོས་ཚོགས་དང་། བོད་ཀྱི་འགྲེམས་སྟོན་ཁང་གཉིས་སུ་གཟིགས་སྐོར་གནང་འདུག་ཅིང་། ཕྱི་ཚེས་ ༡༩ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་གནང་རྒྱུ་མ་ཟད། གཞུང་འབྲེལ་མཛད་སྒོ་དང་མི་མང་འདུ་འཛོམས་ཐོག་གསར་འགོད་གསལ་བསྒྲགས་ཤིག་གནང་རྒྱུ་བཅས་ཀྱི་མཛད་རིམ་ཡོད་པ་རེད་འདུག

གསར་འགོད་པ། ཡེ་ཤེས་ཟླ་བ། 
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་རྩོམ་སྒྲིག་པ། 
བདེ་སྐྱིད་ཀུན་སྒྲོལ།  
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་པདྨ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་ཁྲིམས་ཁང་གིས་རྒྱ་ནག་གི་ཚོང་པ་འབྱོར་ལྡན་པ་ཀོ་ཝུན་ཀའེ་ལ་ནག་ཉེས་ཡོད་པ་བསྒྲགས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་གར་གྱི་གནད་ཡོད་མི་སྣ་ཞིག་གིས་བརྩམས་པའི་བོད་ཀྱི་དངོས་བྱུང་ལོ་རྒྱུས་དང་འབྲེལ་བའི་དཔེ་དེབ་ཞིག་གཞུང་འབྲེལ་གྱིས་དབུ་འབྱེད་གནང་འདུག་པའི་ནང་། བོད་འདི་རང་བཙན་གྱི་མངའ་དབང་ལྡན་པའི་རྒྱལ་ཁབ་ཡིན་པ་ར་སྤྲོད་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎