“༧གོང་ས་མཆོག་ནི་འཛམ་གླིང་ལ་ཤིན་ཏུ་རྩ་་ཆེན་རེད་”ཅེས་སཱ་ཡཱ་ནི་གྷུཔ་ཏ་ལགས་ཀྱིས་གསུངས།

“འཛམ་གླིང་ནང་འགྲོ་བ་མིའི་རིགས་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་ཤིན་ཏུ་དགོས་མཁོ་ཆེན་པོར་གྱུར་ཡོད།”

རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་སཱ་ཡཱ་ནི་ གྷུཔ་ཏ་ཡིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཏེ། འཛམ་གླིང་ནང་འགྲོ་བ་མིའི་རིགས་ལ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་ཤིན་ཏུ་དགོས་མཁོ་ཆེན་པོར་གྱུར་ཡོད་ཅེས་གསུངས་བྱུང་།

ཕྱི་ཟླ་ ༡༠ ཚེས་ ༣༡ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་ཕོ་བྲང་དུ་མི་མང་བརྒྱ་ཕྲག་དུ་མར་མཇལ་ཁ་བསྩལ་བའི་སྐབས། རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་སྭ་ཡྭ་ནི་གྷུཔ་ཏ་ལགས་ཀྱིས་མཇལ་ཁ་ཞུས་ཡོད་ཅིང་། ད་རེས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་བ་ནི་ཕྱི་ལོ་ ༢༠༡༧ ལོར་རྡ་སར་གློག་བརྙན་དུས་སྟོན་ཞིག་ཏུ་བཅར་ཏེ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཐོབ་པའི་རྗེས་ད་རེས་མཇལ་ཁ་ཐེངས་གཉིས་པ་ཡིན་འདུག་ལ། སྐབས་དེར་ཁོང་༧གོང་ས་མཆོག་གི་ཕེབས་ལམ་ཟུར་ནས་མཇལ་ཁ་ཞུས་པ་དང་སྐབས་དེར་མིག་ཆུ་དབང་མེད་དུ་ཤོར་ཡོད་པའི་མྱོང་ཚོར་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།

མུམ་བཡེ་གྲོང་ཁྱེར་དུ་བརྙན་འཕྲིན་གྱི་ལས་རིམ་འདོན་སྤེལ་གྱི་མཛད་སྒོ་ཞིག་ལ་བཅར་པའི་སྐབས་ཀྱི་པར། ༢༠༢༡།༡༡།༢༢
རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་ Sayani Gupta མུམ་བཡེ་གྲོང་ཁྱེར་དུ་བརྙན་འཕྲིན་གྱི་ལས་རིམ་འདོན་སྤེལ་གྱི་མཛད་སྒོ་ཞིག་ལ་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་ Sayani Gupta བཅར་པའི་སྐབས་ཀྱི་པར། ༢༠༢༡།༡༡།༢༢ (AFP)

ཁོང་གིས་ད་དུང་མུ་མཐུད་གསུངས་དོན་དུ། དེ་སྔ་ལོ་ ༡༠ གོང་མཇལ་ཁ་ཐོབ་པའི་སྐབས་སུ་འཕྲུལ་སྣང་ངོ་མཚར་ཆེ་བའི་ཚོར་སྣང་ཞིག་བྱུང་སྐོར་གསུངས་བྱུང་ལ། ད་རེས་མཇལ་ཁ་ཐེངས་གཉིས་པ་ཐོབ་པའི་སྐབས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཁོང་གི་གདོང་ལ་བྱུག་བྱུག་གནང་སྟེ་ཐུགས་བརྩེ་ཆེན་པོའི་ངང་བྱིན་གྱིས་རླབས་པའི་ཚོར་སྣང་བརྗོད་སྐབས། “ངས་ངོ་གདོང་མི་འཁྲུད་སྙམ་ཚོར་གྱི་འདུག ཧ་ཅང་བྱིན་རླབས་ཆེན་པོ་ཐོབ་བྱུང་” ཞེས་གསུངས་བྱུང་།

༧གོང་ས་མཆོག་ "ད་དུང་ཡང་སྐྱར་ཉུང་མཐར་ལོ་ ༡༠༠ འཕར་མ་སྐུ་ཚེ་བརྟན་པར་སྨོན་ལམ་ཞུ་གི་ཡོད་" ཅེས་གསུངས་པ། རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་སཱ་ཡཱ་ནི་ གྷུཔ་ཏ་ཡིས་༧གོང་ས་མཆོག་འཛམ་གླིང་ལ་ཤིན་ཏུ་དགོས་མཁོ་ཆེན་པོ་ཡོད་ཅེས་གསུངས་པ།

ཁོང་གིས་ད་དུང་། ༧གོང་ས་མཆོག་གི་སྐུ་ཟིལ་བ་ཁྲོམ་མེའི་འོད་སྣང་འདིའི་འོག སྐབས་འགར་ཚིག་གིས་བརྗོད་མི་ཐུབ་པའི་ཚོར་བ་དེ་བྱུང་ཞེས་དང་། ཁོང་ད་དུང་ཉུང་མཐར་ལོ་ངོ་ ༡༠༠ སྐུ་ཚེ་བརྟན་པར་སྨོན། འགྲོ་བ་མིའི་རིགས་ལ་༧གོང་ས་མཆོག་དགོས་མཁོ་མཆིས། འཛམ་གླིང་གོ་ལ་འདིར་དགོས་མཁོ་ཡོད་པས། སྐུ་ཁམས་གསལ་ཐང་ཡོང་བར་སྨོན་ལམ་ཞུ་གི་ཡོད་ཅེས་གསུངས་བྱུང་།

སཱ་ཡཱ་ནི་ གྷུཔ་ཏ་ལགས་ནི་རྒྱ་གར་གྱི་གློག་བརྙན་དང་དྲ་ཐོག་བརྙན་རིམ་གྲགས་ཅན་ཁག་ཏུ་འཁྲབ་རྩལ་སྣ་མང་བཏོན་པའི་བུད་མེད་འཁྲབ་སྟོན་པ་ཞིག་རེད། ཁོང་མོས་རྒྱ་གར་གྱི་གློག་བརྙན་དང་བརྙན་འཕྲིན་སྦྱོང་བརྡར་ཁང་ (Film and Television Institute of India) ནས་འཁྲབ་རྩལ་གྱི་སྦྱོང་བརྡར་མཐར་ཕྱིན་ཡོད། ཁོང་མོས་ Margarita with a Straw དང་ Article 15 དེ་བཞིན་ Axone ལྟ་བུའི་གློག་བརྙན་གྲགས་ཅན་ནང་དུ་འཁྲབ་སྟོན་བྱས་པ་མ་ཟད། དྲ་ཐོག་བརྙན་རིམ་ Four More Shots Please! དང་ Delhi Crime སོགས་ནང་དུའང་འཁྲབ་སྟོན་བྱས་ཡོད།།

རི་ཅ་ ཅཱ་ཌའི་བག་སྟོན་དུ་སླེབས་པའི་སྐབས་ཀྱི་འདྲ་པར། ༢༠༢༢།༡༠།༤
རི་ཅ་ ཅཱ་ཌའི་བག་སྟོན་དུ་སླེབས་པའི་སྐབས་ཀྱི་འདྲ་པར། རི་ཅ་ ཅཱ་ཌའི་བག་སྟོན་དུ་སླེབས་པའི་སྐབས་ཀྱི་འདྲ་པར། ༢༠༢༢།༡༠།༤ (AFP)

ཁ་སྣོན་གསར་འགོད། བཀྲ་དབང་།

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།