བོད་ཀྱི་བཟོ་རིག་སྒྱུ་རྩལ་དང་དེང་དུས་ཀྱི་འཕོ་འགྱུར།

སྔ་མོའི་བོད་ཀྱི་སྒྱུ་རྩལ་དང་རི་མོ་རྣམས་དེབ་གཟུགས་སུ་བཀོད་དེ་ཉར་ཚགས་དང་བརྒྱུད་སྤེལ་གྱི་ཐབས་ལམ་ཞིག་འཚོལ་སྒྲུབ་གནང་བཞིན་ཡོད་པ་རེད།

དུས་ཀྱི་འཕོ་འགྱུར་ཁྲོད་བོད་ཀྱི་གནའ་བོའི་བཟོ་རིག་སྒྱུ་རྩལ་གྱི་ཁྱད་ཆོས་རྣམས་ཉམས་རྒུད་དུ་འགྲོ་བཞིན་ཡོད་པར་གཞིགས་པས་སྔ་མོའི་སྒྱུ་རྩལ་དང་རི་མོ་རྣམས་དེབ་གཟུགས་སུ་བཀོད་དེ་ཉར་ཚགས་དང་བརྒྱུད་སྤེལ་གྱི་ཐབས་ལམ་ཞིག་འཚོལ་སྒྲུབ་གནང་བཞིན་ཡོད་པ་རེད།

དེ་ཡང་བཙན་བྱོལ་བོད་པའི་སློབ་གྲྭ་ཁག་གི་ནང་བཟོ་རིག་གི་སྒྱུ་རྩལ་དང་འབྲེལ་བའི་བསླབ་གཞི་རྣམས་སློབ་ཁྲིད་བྱེད་ཕྱོགས་ལ་དེང་དུས་ཀྱི་རི་མོ་དང་པར་གཞི་སྒྲིག་སྟངས་སོགས་ཀྱི་ཐོག་ནས་ཐབས་ལམ་སྟོན་ཕྱོགས་ཀྱི་སྦྱོང་བརྡར་གྱི་ལས་རིམ་ཞིག་རྡ་རམ་ས་ལར་ཕྱི་ཟླ་ ༡༡ ཚེས་ ༢༢ ནས་ཚེས་ ༢༨ བར་བཙན་བྱོལ་བོད་པའི་སློབ་གྲྭ་ཁག་གི་རི་མོའི་དགེ་རྒན་ ༣༠ ཙམ་ལ་ཐང་བྲིས་དང་ཡིག་གཟུགས་ཀྱི་སྒྱུ་རྩལ་ཐད་ངོ་སྤྲོད་དང་སྦྱོང་བརྡར་གནང་གི་ཡོད་ཅིང་། དེ་འབྲེལ་གྱི་དཔེ་དེབ་གཅིག་བཏོན་པའི་ནང་། བོད་ཀྱི་སྲོལ་རྒྱུན་རི་མོ་དང་བཟོ་རིག་པ་དར་ཚུལ་སོགས་ཀྱི་ལོ་རྒྱུས་དང་། དེང་དུས་སྒྱུ་རྩལ་གྱི་འཕེལ་རིམ་བཅས་བཀོད་འདུག་ལ། མི་རབས་གསར་པའི་ཁྲོད་བོད་ཀྱི་གནའ་བོའི་སྒྱུ་རྩལ་ལ་དོ་སྣང་ཆུང་དུ་འགྲོ་བཞིན་པའི་ཐད་སྒྱུ་རྩལ་བ་རྒན་པ་ཚོས་སེམས་འཚབ་བྱེད་གཞིར་གྱུར་ཡོད་པར་ངོས་འཛིན་གནང་གི་འདུག

བོད་ཀྱི་བཟོ་རིག་སྒྱུ་རྩལ་དང་བཙན་བྱོལ་ནང་གི་བརྒྱུད་འཛིན་གྱི་གནས་སྟངས།

བོད་ཀྱི་རིག་གནས་ཆེ་བ་ལྔ་ལས་བཟོ་རིག་པའི་གནས་ལ་མཁས་པ། ལོ་ངོ་བདུན་བཅུ་ལྷག་གི་རིང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ན་བཟའ་ཆེན་མོའི་ཞབས་ཞུ་བསྒྲུབས་མྱོང་བ་ན་བཟའ་ཆེན་མོ་བ་རྒན་བསྟན་འཛིན་ཆོས་དར་ལགས་ཀྱིས། དེ་སྔ་བོད་ནང་ཡོད་པའི་བོད་པའི་བཟོ་རིག་ལག་ཤེས་རྣམས་ད་ཆ་བཙན་བྱོལ་ནང་སྟོང་ཟད་དུ་འགྲོ་ཉེན་ཡོད་པའི་སེམས་ཚབས་ཤིག་ཡོང་གི་ཡོད་པ་གསུང་གི་འདུག དེ་ཡང་ཁོང་གིས་གསུངས་དོན་དུ། དེ་སྔ་བོད་ལ་ཡིན་ན་ལག་ཤེས་སྒྱུ་རྩལ་ལ་མཁས་པའི་ཕ་མ་རྣམས་ཀྱིས་རང་ཉིད་ཀྱི་ཕྲུ་གུར་མཇུག་སྐྱོང་གི་ཚུལ་དུ་ལག་ཤེས་བསླབས་ཤིང་། བོད་ནང་ལག་ཤེས་དང་བཟོ་རིག་མི་འདྲ་བ་བཞི་བཅུ་ཙམ་ཡོད་ཀྱང་། ད་ཆ་བཙན་བྱོལ་ནང་སྒྱུ་རྩལ་དེ་རིགས་བསླབས་མཁན་དང་སྦྱོང་མཁན་གཉིས་ཀ་དཀོན་དུ་ཕྱིན་ཏེ། ལག་ཤེས་མང་པོ་ཞིག་སྟོང་ལ་ཉེ་བར་གྱུར་ཞིང་། བོད་ཀྱི་རིག་གནས་ལ་མཚོན་ན་རྒྱལ་ཁབ་སུ་གཅིག་ལ་མེད་པའི་ལག་ཤེས་དེ་འདྲ་ཡོད་རེད་ལ། སྔ་མོའི་བོད་ཀྱི་བཟོ་རིག་ཅ་ལག་རྣམས་སྤུས་དག་པོ་ཞེ་དྲགས་ཡོད་ཀྱང་། མི་རིགས་རིམ་པས་རྫོགས་ལ་ཉེ་དུས་དེ་དག་རྒྱུན་མ་བསྐྱང་ཚེ། རིམ་པས་ཉམས་ཆག་འགྲོ་ཉེན་ཡོད་པའི་སེམས་ཁྲལ་ཡོང་གི་འདུག་ལ། མ་འོངས་བོད་པའི་ལག་ཤེས་དེ་རིགས་ཕྱི་རྒྱལ་མི་སེར་ས་ནས་སྦྱང་དགོས་པའི་དུས་ཤིག་ཤར་ཉེན་པའི་སེམས་ཚབས་ཤིག་ཡོང་གི་འདུག་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

“བསླབ་གཞི་གཏན་འབེབས་དགོས་གལ་ཆེ་བར་མཐོང་།”

བཙན་བྱོལ་བོད་པའི་སློབ་གྲྭ་ཁག་ཏུ་བཟོ་རིག་བསླབ་གཞིའི་སློབ་ཚན་སོ་སོར་དེ་འབྲེལ་སློབ་དེབ་གཏན་འབེབས་ཡོད་ཀྱང་། རི་མོའི་སྒྱུ་རྩལ་གྱི་བསླབ་གཞི་སློབ་དེབ་ཅིག་ད་བར་གཏན་འབེབས་མེད་པ་དེས། རི་མོ་དང་བཟོ་རིག་པའི་དགེ་རྒན་རྣམས་ལ་སློབ་འཁྲིད་སྐབས་འཕྲད་བཞིན་པའི་དཀའ་ངལ་ཞིག་ཡོད་པར་གཞིགས་པས། བཙན་བྱོལ་བོད་པའི་སློབ་གྲྭའི་ནང་ལོ་མང་རིང་རི་མོའི་དགེ་རྒན་གྱི་ཕྱག་ལས་གནང་མྱོང་བ་རྒན་ངག་དབང་ཚེ་རིང་ལགས་དང་། ཁོང་གི་སློབ་ཕྲུག་འཇམ་དབྱངས་བསྟན་འཛིན་ལགས་གཉིས་ཀྱིས་བཟོ་རིག་པའི་བསླབ་གཞིའི་དཔེ་དེབ་གསར་པ་ཞིག་འདོན་སྤེལ་གནང་ཡོད་ཅིང་། སློབ་གྲྭའི་སྒྱུ་རྩལ་དགེ་རྒན་ལ་དམིགས་པའི་དམིགས་བསལ་ཟབ་སྦྱོང་ཞིག་ཀྱང་གནང་གི་ཡོད་པ་རེད།

དེ་ཡང་རྩོམ་པ་པོ་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་གསུངས་ན། ཁོང་ཆུང་དུས་ནས་རི་མོ་བྲིས་ཡག་པོ་ཤེས་མཁན་ཞིག་མིན་ཡང་རི་མོར་དགའ་པོ་ཡོད་མཁན་ཞིག་ཡིན་པས། ཁོང་གི་རི་མོའི་རྒན་ལགས་དང་བཀའ་མོལ་བྱུང་སྐབས། རྒན་ལགས་ཀྱི་དཀའ་ངལ་ཤེས་ཏེ། ལས་གཞི་དེ་འགོ་འཛུགས་གནང་བ་ཞིག་རེད་འདུག་ཅིང་། ད་ལན་སློབ་གྲྭའི་རི་མོ་དགེ་རྒན་རྣམས་ལ་སློབ་འཁྲིད་སྐབས་གཞི་བཅོལ་བར་ཕན་ཐོགས་སྲིད་པའི་དཔེ་དེབ་དེ་བཞིན་འདོན་སྤེལ་ཐུབ་པར་ཁོང་གི་དགེ་རྒན་ལ་ཕུལ་བའི་ལེགས་སྐྱེས་ཤིག་ཏུ་ངོས་འཛིན་གནང་གི་ཡོད་པ་གསུང་གི་འདུག

ད་ཆ་སེ་ལ་ཀུའི་བོད་ཁྱིམ་སློབ་གྲྭའི་རི་མོའི་དགེ་རྒན་གནང་བཞིན་པ་རྩོམ་པ་པོ་ངག་དབང་ཚེ་རིང་ལགས་ཀྱིས། ཁོང་རང་ཉིད་སློབ་གྲྭའི་ནང་རི་མོའི་དགེ་རྒན་གནང་གི་ཡོད་དུས། ཉིན་རེ་འཛིན་གྲྭ་ཚོགས་དགོས་པའི་སྐབས་འདིར་གཞི་བཅོལ་སའི་བསླབ་གཞི་སློབ་དེབ་ཅིག་མེད་དུས་དཀའ་ངལ་ཡོང་གི་ཡོད་པར་བརྟེན། ཐོག་མའི་དམིགས་ཡུལ་ནི་སློབ་གྲྭའི་རི་མོ་དགེ་རྒན་རྣམས་ལ་ཕན་ཐོགས་ཐུབ་ཆེད་དུ་དམིགས་ཡོད་པ་དང་། དེབ་དེས་དགེ་རྒན་རྣམས་ལ་ཕན་ཐོགས་ཆེན་པོ་ཞིག་ཏུ་གྱུར་ངེས་ཡིན་པ་དགོངས་ཚུལ་གསུང་གི་འདུག

སྒྱུ་རྩལ་དང་རྒྱལ་ཁབ་ཀྱི་འཛུགས་སྐྲུན།

བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས། བོད་པའི་རིག་གནས་ཆེ་ཆུང་ལྔ་ཡི་དམིགས་ཡུལ་གཙོ་བོ་ནི་དངོས་ཤུགས་བརྒྱུད་གསུམ་དུ་སེམས་ཅན་ལ་ཕན་ཆེད་དང་། སྟབས་བདེའི་འཚོ་བ་སྐྱེལ་ཆེད་ཀྱི་རྒྱབ་ལྗོངས་བསམ་བློ་བཟང་པོ་ཡོད་ལ། དེང་སྐབས་སྒྱུ་རྩལ་གྱི་ཐབས་ལ་བརྟེན་ནས་རྒྱལ་ཁབ་ཡར་རྒྱས་ལ་ཕན་པ་རླབས་ཆེན་གྲུབ་ཡོད་པ་ཡང་མང་དག་ཅིག་ཡོད་པས། སྲོལ་རྒྱུན་གྱི་རིག་གནས་གཞིར་བཞག་ཐོག་ཐབས་མཁས་པོའི་ཐོག་ནས་དེང་དུས་སྒྱུ་རྩལ་ཀྱི་ལེགས་ཆ་ལེན་དགོས་གལ་ཆེ་བ་ཡིན་པ་སྦྱོང་བརྡར་གནང་ཡུལ་གྱི་ཚོགས་འདུའི་ཐོག་གསུངས་སོང་།

བཟོ་རིག་པའི་བསླབ་གཞིའི་དཔེ་དེབ་གསར་པ་དེའི་ནང་བོད་ནང་ནས་ལག་སོན་བྱུང་བའི་རི་མོ་སྒྱུ་རྩལ་བ་ ༡༧ གྱི་རི་མོ་ཚུད་པའི། ཁྱོན་བོད་ཕྱི་ནང་གཉིས་ཀྱི་བོད་མི་རི་མོ་སྒྱུ་རྩལ་བ་ ༥༥ ཙམ་གྱི་རི་མོ་ཁྱོན་ ༡༣༠ ལྷག་འཁོད་འདུག་ཅིང་། ཁོང་རྣམ་པའི་རི་མོའི་ཟུར་དུ་སྒྱུ་རྩལ་བའི་ལོ་རྒྱུས་དང་། རི་མོ་དེ་དག་འབྲི་ཚུལ་སོགས་རིམ་པས་འཁོད་འདུག

རྩ་བའི་དེང་སང་གི་ཚན་རྩལ་གྱི་བཟོ་ལས་མ་དར་གོང་གི་བོད་ཀྱི་བཟོ་རིག་པ་ལ་རྣམ་གྲངས་མང་དག་ཅིག་ཡོད་ཅིང་། དེ་ཡང་རྡོ་བཟོ། ཤིང་བཟོ། ལྕགས་བཟོ། དངུལ་བཟོ། གསེར་བཟོ། ལྷ་བཟོ། རྡོ་རྐོ། ཤིང་རྐོ་སོགས་ལག་ཤེས་བཟོ་ལས་སྣ་ཚོགས་བཟོ་རིག་པའི་ཁོངས་སུ་བསྡུ་ཞིང་། བཟོ་རིག་པའི་གཞུང་ནི་བསྟན་འགྱུར་ཁྲོད་ཀྱི་བཟོ་པ་ཊ་ཞེས་པའི་གཞུང་དང༌། འཇུ་མི་ཕམ་གྱི་གསུང་བཟོ་པ་ཊ་སོགས་དང༌། གཞན་ཡང་བཀའ་འགྱུར་དང་བསྟན་འགྱུར་གྱི་གཞུང་རྣམས་སུ་བཟོ་ལས་ཀྱི་སྐོར་འགའ་ཞིག་ཡོད་པ་རེད་འདུག

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།