འདི་ག་རླུང་འཕྲིན་ཁང་ལ་བོད་ནས་འབྱོར་བའི་གནས་ཚུལ་ལྟར་ན། ༢༠༠༥ ལོར་བོད་ཀྱི་སློབ་གསོའི་ཐོག་ཕྱག་ལས་གནང་མཁན་དགེ་འདུན་པ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་གསར་བཙུགས་གནང་པའི་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲ་འདི་བཞིན་ད་ལོ་ཟླ་ ༨ ཚེས་ ༢༨ ཉིན་རྒྱ་ནག་གཞུང་གིས་སྒོ་བརྒྱབ་ཡོད་པའི་སྐོར་རང་གི་བདེ་འཇགས་ཆེད་མིང་བརྗོད་འདོད་མེད་པ་འབྲེལ་ཡོད་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་ལ། སྐབས་དེ་དུས་སློབ་མ་ ༤༥༠ ཙམ་དང་དགེ་ལས་ ༦༠ ཙམ་ཡོད་ཅིང་། ད་ལྟ་མགོ་ལོག་ཁུལ་གྱི་སློབ་གྲྭ་ཁག་ནང་རྒྱལ་གཅེས་ཀྱི་དམར་པོའི་ལྟ་བའི་སློབ་གསོ་ཤུགས་ཆེན་སྤེལ་བཞིན་ཡོད་པ་དང་། གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་འདི་དམངས་བཙུགས་གཞུང་རོགས་ཀྱི་རྣམ་པར་གྱུར་ནས་སློབ་གསོའི་ནང་དོན་ནི་གཞུང་གི་སློབ་གསོའི་བཀོད་སྒྲིག་ཐོག་བོད་ཀྱི་སྐད་ཡིག་གཙོ་བཟུང་གི་འཚོ་བའི་སྲོལ་རྒྱུན་སློབ་གསོའི་ནང་དོན་ཡང་ཚུད་པ་ཞིག་ཡིན་ཞིང་། གཞུང་གི་སློབ་གསོའི་ཁ་ཕྱོགས་དམིགས་ཡུལ་དང་མི་མཐུན་པར་ངོས་འཛིན་བྱས་པ་ཞིག་རེད་ཅེས་བརྗོད་མཁན་བྱུང་། བོད་ནང་གི་བོད་མིས་གནས་ཚུལ་ཁ་གསལ་བརྗོད་རྒྱུར་ཞེད་སྣང་དང་གཞུང་གི་གནས་ཚུལ་བཀག་སྡོམ་ཤུགས་ཆེན་ཡིན་པར་བརྟེན་སློབ་དུས་གསར་པ་ནས་སློབ་གྲྭ་སྒོ་བརྒྱབ་པའི་རྗེས་སློབ་མ་ཚོ་གང་དུ་སྤོས་པ་དང་། སྒོ་རྒྱག་པའི་གཞུང་འབྲེལ་གྱི་རྒྱུ་མཚན་གང་ཡིན་ད་ལྟ་ཁ་གསལ་མེད་པ་རེད་འདུག
ད་ལྟའི་ཆར་ར་རྒྱ་གྲོང་རྡལ་བུ་མོའི་སློབ་གྲྭ་སྒོ་བརྒྱབ་པའི་རྒྱུ་མཚན་གང་ཡིན་དང་། སུས་བཀའ་བཏང་བ། སློབ་མ་ཚོ་གང་དུ་སྤོས་པ་སོགས་ཀྱི་གནས་ཚུལ་གཞུང་འབྲེལ་གསལ་བཤད་ཁ་གསལ་ཞིག་ད་བར་མཐོང་རྒྱུ་མི་འདུག
ཐོག་མར་སློབ་གྲྭ་གསར་བཙུགས་དང་བོད་ཕྲུག་གསོ་སྐྱོང་།
བོད་ཀྱི་སློབ་གསོ་བ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་ ༡༩༩༧ ལོ་ནས་བུ་མོའི་སློབ་གྲྭ་ཞིག་འཛུགས་རྒྱུའི་ཆེད་དུ་ས་གནས་སློབ་གསོ་ལས་ཁུངས་ལ་རེ་ཞུ་གནང་པ་དང་། ༢༠༠༡ ལོར་རྨ་ཆེན་རྫོང་གིས་ཆོག་མཆན་སྤྲད་པའི་རྗེས་ཁོང་གིས་རྒྱ་སྒོར་ས་ཡ་གསུམ་ལྷག་གི་མ་དངུལ་བསྡུས་ནས། ༢༠༠༥ ལོར་ར་རྒྱའི་ཨ་མྱེས་རི་བོའི་འདབས་སུ་བུ་མོའི་སློབ་གྲྭ་དངོས་སུ་བཙུགས་པ་དང་། སྐབས་དེར་ཁོང་གིས་བུ་མོའི་སློབ་གསོ་ནི་ཨ་མའི་སློབ་གསོ་ཡིན་ལ། ཨ་མའི་སློབ་གསོ་ནི་མི་རིགས་ཡོངས་ཀྱི་སློབ་གསོའི་རྩ་བ་ཡིན་ཞེས་པའི་ལྟ་གྲུབ་གཙོ་བོར་བཞག་ཡོད་འདུག
ཡང་ ༢༠༠༥ ལོའི་ཟླ་ ༡༠ ཚེས་ ༡༥ ཉིན་སློབ་གྲྭ་འདི་དངོས་སུ་སྒོ་ཕྱེ་གནང་སྐབས་སློབ་མ་ ༢༠༣ དང་དགེ་ལས་ ༡༥ ཡོད་པ་དང་། སློབ་གྲྭས་ཐོག་མར་ལོ་རེར་བུ་མོ་ ༤༠ བསྡུས་ནས་ལོ་དྲུག་གི་ནང་སློབ་མ་ ༢༤༠ ལ་སླེབས་རྒྱུའི་འཆར་གཞི་བཟོས་ཡོད་ཀྱང་ལོ་གཉིས་པར་སློབ་མའི་གྲངས་ ༢༤༠ ལ་སླེབས་ཡོད། རྗེས་སུ་སློབ་གྲྭ་དེ་དམངས་བཙུགས་གཞུང་རོགས་ཟེར་བའི་རྣམ་པར་གྱུར་ནས་སློབ་གྲྭའི་མིང་ལ་ར་རྒྱ་གྲོང་རྡལ་བུ་མོའི་སློབ་གྲྭ་ཞེས་མིང་ལ་བསྒྱུར་བ་བཏང་པ་སོགས་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་འདུག
སློབ་གྲྭ་དེའི་སློབ་ཁྲིད་ཐོག་བོད་ཡིག་དང་། རྒྱ་ཡིག དབྱིན་ཡིག་གསུམ་དང་། རྩིས་རིག ཚན་རིག རིག་གནས་དང་ལུས་རྩལ་སོགས་དེང་རབས་ཀྱི་སློབ་ཚན་དང་བོད་ཀྱི་རིག་གནས་ཟུང་འབྲེལ་བྱས་པའི་ཐོག་ར་རྒྱའི་སློབ་གྲྭ་ཁག་གིས་གྲྭ་སའི་རིག་ལམ་གྱི་སློབ་སྟངས་ལྟ་བུའི་ཐབས་ལམ་ཡང་དེང་རབས་སློབ་ཁྲིད་ནང་བེད་སྤྱོད་དང་། སློབ་མ་ཚོའི་ཁྲོད་བྱེད་སྒོ་སྣ་ཚོགས་གོ་སྒྲིག་བྱེད་པ་སོགས་ཡོད་འདུག གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་ནས་གསོ་སྐྱོང་བྱུང་བའི་བོད་པའི་བུ་མོ་མང་པོ་ད་ཆ་ལས་གནས་འདྲ་མིན་གྱི་ནང་རང་རྐྱ་འཕེར་བའི་ཐོག་ནས་སྤྱི་ཚོགས་ནང་ཞབས་འདེགས་གྲུབ་ནས་ཡོད་འདུག
ཕྱི་ཟླ་ ༡༠ ཚེས་ ༡༦ ཉིན་དྲ་ཐོག་ལ་འབྲེལ་ཡོད་སློབ་མས་དེ་རིང་མ་ཡུམ་སློབ་གྲྭའི་སྐྱེ་སྐར་རེད་ཅེས་པའི་བརྙན་དང་འདྲ་པར་སྤེལ་ནས་དྲན་གསོ་བྱས་པ་ཡང་མཐོང་རྒྱུ་འདུག
ཡང་ ༡༩༩༤ ལོར་བཙུགས་པའི་འཇིགས་མེད་རྒྱལ་མཚན་མི་རིགས་ལས་རིགས་སློབ་གྲྭ་འདི་ ༢༠༢༤ ལོའི་ཟླ་ ༧ པར་ལོ་ ༣༠ ཙམ་གྱི་རྗེས་སུ་རྒྱ་ནག་གཞུང་གིས་སྒོ་བརྒྱབ་ཡོད་པ་དང་། སློབ་གྲྭ་དེས་བོད་ཡིག་དང་བོད་ཀྱི་རིག་གཞུང་གཙོ་བོར་བཞག་པའི་སློབ་གསོ་དང་དེང་རབས་ཀྱི་ལས་རིགས་སློབ་གསོ་ཟུང་འབྲེལ་ངང་སྤེལ་ཡོད།
མགོ་ལོག་མཚོ་ཤར་སློབ་འབྲིང་གསར་བཙུགས།
འདི་ལོ་ཟླ་བ་བརྒྱད་པའི་ནང་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་སྒོ་བརྒྱབ་པ་དང་དུས་མཚུངས་མགོ་ལོག་ཁུལ་གྱི་སློབ་གསོ་ཚན་པས་གསར་དུ་བཙུགས་པའི་མགོ་ལོག་མཚོ་ཤར་སློབ་འབྲིང་འདི་ཕྱི་ཟླ་ ༩ ཚེས་ ༡ ཉིན་དངོས་སུ་སློབ་འགོ་ཚུགས་ཡོད་པ་དང་། མགོ་ལོག་ཁུལ་ནས་ཐོག་མའི་སློབ་མ་ ༡༢༠༠ བསྡུས་ཡོད་པའི་ཁོངས་ནས་སློབ་མ་ ༡༠༩༠ བོད་པ་ཡིན་པ་དང་དེའི་ནང་སློབ་མ་ ༩༠༦ འབྲོག་པ་དང་ཞིང་པའི་བུ་ཕྲུག་ཡིན་པ་གཞུང་འབྲེལ་བརྒྱུད་ལམ་ནང་བཀོད་འདུག་ལ། གཞུང་ཕྱོགས་ཀྱིས་མགོ་ལོག་ཁུལ་གྱི་སློབ་མ་ཚོ་ས་དམའ་བའི་མཚོ་ཤར་ཁུལ་དུ་སྤོས་པ་དང་། མཐོ་སྒང་ས་ཁུལ་གྱི་བཅའ་སྡོད་སློབ་གསོ་རྒྱ་སྐྱེད་ཀྱི་ལས་གཞི་ཞིག་ཡིན་པར་བརྗོད་འདུག འོན་ཀྱང་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་མ་ཚོ་སློབ་གྲྭ་གསར་པ་འདིར་སྤོས་ཡོད་མེད་གནས་ཚུལ་ཁ་གསལ་མེད་རུང་། སློབ་གྲྭ་གསར་པ་འདིའི་ནང་རྨ་ཆེན་རྫོང་ནས་སློབ་མ་ཡོད་པ་བརྗོད་འདུག
མགོ་ལོག་གི་སློག་གྲྭ་ཁག་ལ་དོ་དམ་དང་སྟངས་འཛིན།
གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་གཞུང་ཕྱོགས་ཀྱིས་སྒོ་བརྒྱབ་པའི་དུས་ཚོད་འདིའི་རིང་མགོ་ལོག་གི་སློབ་གྲྭ་ཁག་ཏུ་རྒྱལ་ཁབ་ཀྱི་སྤྱི་སྐད་དམ་རྒྱ་སྐད་ཁྱབ་སྤེལ་གྱི་ལས་འགུལ་རྒྱ་བསྐྱེད་བཏང་ཡོད་ཅིང་། ཟླ་ ༩ པར་མགོ་ལོག་ཁུལ་གྱིས་སྤྱི་སྐད་ཁྱབ་སྤེལ་གཟའ་འཁོར་ཞེས་པའི་ལས་འགུལ་སྤེལ་ནས་སློབ་མ་ཚོར་ཚད་ལྡན་གྱི་རྒྱ་སྐད་སྦྱོང་སྤྱོད་དང་། རྒྱ་ནག་ཀྲུང་ཧྭ་མི་རིགས་མཉམ་སྡེབ་ཀྱི་འདུ་ཤེས་བརྟན་དུ་གཏོང་དགོས་པའི་ནན་བརྗོད་བྱས་འདུག་ལ། ཟླ་བ་བརྒྱད་པར་མགོ་ལོག་ཁུལ་གྱི་སློབ་གསོ་ཚན་པས་ཀྱང་སློབ་གསོའི་ཁོངས་ཀྱི་བདེ་འཇགས་དང་ཁྲིམས་འགལ་གནས་ཚུལ་གྱི་ཁུངས་སྣེ་བསྡུ་རྒྱུའི་གསལ་བསྒྲགས་བྱས་འདུག་ དེ་བཞིན་འདི་ལོ་ཟླ་བ་བརྒྱད་པར་རྒྱ་ནག་དབུས་རྩ་འཛུགས་ལས་ཁུངས་དང་སློབ་གསོ་ལྷན་ཁང་གིས་སློབ་ཆུང་དང་འབྲིང་སློབ་ཀྱི་འགོ་ཁྲིད་དོ་དམ་གཏན་འབེབས་གསར་བཅོས་བྱས་པའི་ནང་སློབ་གྲྭའི་དོ་དམ་ནང་དམར་ཤོག་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ཆབ་སྲིད་ཀྱི་ཚད་གཞི་གཙོ་བོར་བཞག་དགོས་པའི་གཏན་འབེབས་དེས་སློབ་གྲྭའི་འགོ་ཁྲིད་ལ་དམར་ཤོག་གི་སློབ་གསོའི་སྲིད་བྱུས་དང་གོང་རིམ་གྱི་ཐག་གཅོད་ལག་བསྟར། བསམ་བློའི་ཆབ་སྲིད་ཀྱི་སློབ་གསོ་དང་སློབ་གྲྭའི་བརྟན་ལྷིང་སོགས་ཀྱི་ཐད་འགན་འཁྲི་ཇེ་ཆེར་བཏང་ཡོད་འདུག
ཉེ་བའི་ལོ་ཤས་རིང་མགོ་ལོག་གི་སློབ་གྲྭ་ཁག་ཅིག་སྒོ་བརྒྱབ་པ།
ཉེ་བའི་ལོ་ཤས་ནང་མགོ་ལོག་གཙོས་པའི་བོད་ཁུལ་དུ་བོད་སྐད་ཡིག་དང་རིག་གཞུང་སློབ་ཁྲིད་གཙོ་བོར་གྱུར་པའི་སྒེར་གཉེར་སློབ་གྲྭ་ཁ་ཤས་ཤིག་གཅིག་རྗེས་གཉིས་མཐུད་ངང་རྒྱ་ནག་གཞུང་གིས་སྒོ་བརྒྱབ་ཡོད་པ་དང་། མགོ་ལོག་ཁུལ་དུ་མཚོན་ན། ༢༠༢༤ ལོའི་ཟླ་བ་བདུན་པར་མགོ་ལོག་རྨ་ཆེན་རྫོང་གི་འཇིགས་མེད་རྒྱལ་མཚན་མི་རིགས་ལས་རིགས་སློབ་གྲྭ་འདི་བཞིན་ལོ་༣༠ ཙམ་གྱི་རྗེས་སུ་སྒོ་བརྒྱབ་པ་དང་། སྒོ་རྒྱབ་སྐབས་སློབ་གྲྭ་དེར་སློབ་མ་ ༡༤༠༠ ཙམ་དང་དགེ་ལས་ ༥༨ ཙམ་ཡོད་འདུག་ལ། ༢༠༢༥ ལོའི་ཟླ་ ༡༢ པར་མགོ་ལོག་གཅིག་སྒྲིལ་རྫོང་གི་རྡོ་རྗེ་བརྟན་མི་རིགས་ལས་རིགས་སློབ་གྲྭ་ཡང་གློ་བུར་དུ་སྒོ་བརྒྱབ་པ་དང་། སློབ་གྲྭ་དེར་སློབ་མ་ ༡༣༠༠ ལྷག་ཡོད་འདུག ཡང་ ༢༠༢༦ ལོའི་ཟླ་ ༦ ཚེས་ ༢༤ ཉིན་མགོ་ལོག་གི་ཧུང་དཀར་རྡོ་རྗེ་ལས་རིགས་མཐོ་འབྲིང་སློབ་གྲྭ་ཡང་སྒོ་བརྒྱབ་ཡོད་པ་རེད།།
འབྲེལ་ཡོད་གནས་ཚུལ།
རྒྱ་ནག་གཞུང་གིས་བོད་ནང་སྒེར་གྱིས་བཙུགས་པའི་སློབ་གྲྭ་རིམ་པ་སྒོ་བརྒྱབ་ཏུ་བཅུག་པ།
