རྒྱ་ནག་གཞུང་གིས་སེང་འབྲུག་སྟག་རྩེ་སྒེར་གཉེར་སློབ་གྲྭ་སྒོ་བརྒྱབ་རྗེས་དྭ་ཕྲུག་སློབ་ཕྲུག་ཚོ་གར་འགྲོ་གང་བྱེད་མེད་པའི་གནས་སུ་ལྷག་ཡོད་འདུག

2021.09.13
རྒྱ་ནག་གཞུང་གིས་སེང་འབྲུག་སྟག་རྩེ་སྒེར་གཉེར་སློབ་གྲྭ་སྒོ་བརྒྱབ་རྗེས་དྭ་ཕྲུག་སློབ་ཕྲུག་ཚོ་གར་འགྲོ་གང་བྱེད་མེད་པའི་གནས་སུ་ལྷག་ཡོད་འདུག སེང་འབྲུག་སྟག་རྩེ་སྒེར་གཉེར་སློབ་གྲྭ
བོད་འབྱོར།/RFA

ཉེ་སྔོན་ཕྱི་ཟླ་༧ནང་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དར་ལག་རྫོང་དུ་ཡོད་པའི་སེང་འབྲུག་སྟག་རྩེ་སློབ་གྲྭ་སྒོ་རྒྱག་བཅུག་ཡོད་པ་ལྟར། ད་ལྟའི་ཆར་སློབ་གྲྭ་དེའི་སློབ་ཕྲུག་མང་པོ་ཞིག་ས་གནས་རྒྱ་ནག་གཞུང་འབྲེལ་སློབ་གྲྭའི་ནང་བཏང་ཡོད་པ་དང། དེ་བཞིན་ས་ཁུལ་ཐག་རིང་ནས་ཡོང་མཁན་ཚོ་རང་གནས་སུ་ལོག་པ་དང་ས་ཆ་གང་སར་སོང་ཡོད་ན་ཡང་། ཕ་མ་མེད་པའི་དྭ་ཕྲུག་སློབ་མ་ཚོ་གཏོང་ས་མེད་པ་དང་བདག་པོ་མེད་པ་སོགས་ཀྱི་གནས་སུ་གྱར་ཡོད་པ་མ་ཟད། དེ་སྔ་སློབ་གྲྭ་དེའི་ནང་ལས་གཉེར་བྱེད་མཁན་དགེ་ལས་ཚོར་སྔར་བཞིན་དམ་དྲག་ཤུགས་ཆེར་བྱས་ཏེ། དྭ་ཕྲུག་སློབ་མ་དེ་དག་ལ་བདག་པོ་བརྒྱབ་མི་བཅུག་པ་སོགས་གནས་སྟངས་ཧ་ཅང་སྡུག་པོ་ཆགས་ཡོད་སྐོར། བཙན་བྱོལ་ནང་ཡོད་པའི་འབྲེལ་ཡོད་མིང་འབོད་བྱེད་འདོད་མེད་པའི་བོད་མི་ཞིག་གིས། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འབྲེལ་བརྗོད་གནང་བྱུང་།
གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་མུ་མཐུད་བརྗོད་དོན་ལ། སེང་འབྲུག་སྟག་རྩེ་སྒེར་གཉེར་སློབ་གྲྭ་སྒོ་བརྒྱབ་རྗེས་ས་གནས་སློབ་མ་ཚོ་གཞུང་གི་སློབ་གྲྭ་ཁག་ནང་བགོས་ནས་བཏང་ཡོད་ཀྱང་། དེ་མིན་བོད་ཁུལ་གྱི་སྡེ་དགེ་དང་རྫ་ཆུ་ཁ། ཁྱུང་མཆུ་སོགས་ནས་ཡོང་བའི་སློབ་མ་མང་པོ་ཞིག་ལ་ད་དུང་སློབ་གྲྭ་མ་རག་པ་དང་འཛུལ་ཞུགས་བྱེད་མི་བཅུག་པའི་དཀའ་ངལ་འཕྲད་བཞིན་ཡོད་པ་མ་ཟད། དྭ་ཕྲུག་སློབ་ཕྲུག་ཚོར་བདག་པོ་མེད་པ་དང་བདག་པོ་རྒྱབ་མི་བཅུག་པ་སོགས་ད་ལྟའི་ཆར་དཀའ་ངལ་ཆེས་ཆེར་འཕྲད་བཞིན་ཡོད་པ་དང་། སྤྱིར་སེང་འབྲུག་སྟག་རྩེ་སློབ་གྲྭ་སྒོ་བརྒྱབ་པ་དང་འབྲེལ་ནས་ས་གནས་རང་དུ་དམ་དྲག་དང་། ཡུལ་མི་ཚོའི་ཁ་པར་ལ་བསྔོགས་བཤེར་སོགས་བྱས་ཏེ་དཀའ་ལས་ཆེན་པོ་འཕྲད་བཞིན་ཡོད་སྐོར་བརྗོད་བྱུང་།
དེ་བཞིན་བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་གིས་སེང་འབྲུག་སྟག་རྩེ་སློབ་གྲྭ་སྒོ་བརྒྱབ་པ་དང་འབྲེལ། ས་ཁུལ་དེའི་སྒེར་གཉེར་སློབ་གྲྭ་ཁག་མང་པོ་ཞིག་ལ་སྒོ་རྒྱག་དགོས་པའི་ཉེན་བརྡ་བཏང་ཡོད་པ་དང་། ལྷག་པར་དུ་མགོ་ལོག་རྭ་རྒྱ་འཇིགས་མེད་རྒྱལ་མཚན་སྒེར་གཉེར་སློབ་གྲྭ་དང་། མགོ་ལོག་རྟ་བྲག་དྭ་ཕྲུག་སྒེར་གཉེར་སློབ་གྲྭ་སོགས་བོད་ཁུལ་དུ་གྲགས་ཆེ་བའི་སྒེར་གཉེར་སློབ་གྲྭ་ཁག་ལའང་དམ་དྲག་ཤུགས་ཆེར་བྱེད་བཞིན་ཡོད་པ་དང་། ད་ལྟའི་ཆར་སྒོ་རྒྱག་དགོས་པ་སོགས་བྱུང་གི་མེད་ན་ཡང་མ་འོངས་པའི་གནས་སྟངས་སོགས་ག་རེ་ཡོང་མིན་ལ་འཇིགས་སྣང་ཆེན་པོ་ཡོང་གི་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
ཕྱི་ཟླ་༧ཚེས་༨ཉིན་རྒྱ་ནག་གཞུང་གིས་སེང་འབྲུག་སྟག་རྩེ་སློབ་གྲྭ་སྒོ་བརྒྱབ་པའི་གནས་ཚུལ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་ཐོག་མར་ཤེས་རྟོགས་བྱུང་བ་བཞིན། སྐབས་དེར་རྒྱ་ནག་གཞུང་གིས་སློབ་གྲྭ་དེར་རྒྱ་ནག་གིས་གཏན་འབེབས་བཞིན་སློབ་ཚན་ལག་བསྟར་དགོས་པ་དང་། སློབ་ཕྲུག་ཚོ་གཞུང་གི་སློབ་གྲྭར་གཏོང་དགོས་པ་དང་རྗེས་ཕྱོགས་སློབ་གྲྭ་དེར་སློབ་གསོའི་ལས་རིགས་གང་ཡང་གཉེར་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་པ་དང་། སློབ་གྲྭ་དེ་ཐོག་མར་འཛུགས་སྐབས་རྒྱ་ནག་གཞུང་གི་ཆོག་མཆན་ཡིག་ཆ་ཚང་མ་ཡོད་ན་ཡང་། རྗེས་སུ་སློབ་གྲྭ་བཙན་ཐབས་ཀྱིས་སྒོ་རྒྱག་བཅུག་པ་མ་ཟད་དགེ་རྒན་ཚོར་དམ་དྲག་དང་དགེ་རྒན་རིན་ཆེན་སྐྱིད་ལགས་འཛིན་བཟུང་སོགས་ཀྱི་གནས་ཚུལ་བྱུང་ཡོད་པ་རེད།
མགོ་ལག་དར་ལག་རྫོང་སེང་འབྲུག་སྟག་རྩེ་སྒེར་གཉེར་སློབ་གྲྭ་ནི། བླ་རུང་ནང་བསྟན་སློབ་གླིང་ནས་ཡིན་པའི་མཁན་པོ་འཇིགས་མེད་ཀུན་དགའ་རྒྱལ་མཚན་ལགས་དང་། མཁན་པོ་ཐུབ་ནོར་རིན་པོ་ཆེ་ལགས་གཉིས་ནས་༡༩༩༨་ཟླ༡༢་ཚེས་༥་ཉིན། མགོ་ལོག་ཁུལ་སྲིད་གཞུང་དང་དར་ལོག་རྫོང་སྲིད་གཞུང་གཉིས་ཀྱི་ཆོག་མཆན་ཐོབ་པ་བརྒྱུད་ཚུགས་ཡོད་པ་དང་། ཕྱི་ལོ་༢༠༠༥་ལོ་ནས་སྲིད་གཞུང་གིས་སློབ་གྲྭ་དེར་སློབ་འབྲིང་རིམ་པའི་ཆོག་མཆན་སྤྲད་ཡོད་པ་དང་། དམིགས་བསལ་སློབ་གྲྭ་དེས་བོད་རིགས་ས་ཁུལ་གྱི་སློབ་མ་དཔལ་འབྱོར་དཀའ་ཁག་ཅན་ལ་སློབ་གསོ་སྤྲོད་ཐབས་བྱས་ཡོད་འདུག་ལ། ས་ཁུལ་དེའི་ནང་སློབ་གྲྭ་དེ་ཡག་ཤོས་ཤིག་དང་ཡུལ་མི་ཚོས་བརྩིས་མཐོང་ཆེན་པོ་བྱེད་ས་ཞིག་ཡིན་འདུ

གསར་འགོད་པ། སངས་རྒྱས་དཀོན་མཆོག
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཨོ་རྒྱན་བསྟན་འཛིན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎