བོད་ཀྱི་ཟློས་གར་དང་རོལ་དབྱངས་ནི་བོད་མི་རིགས་ཀྱི་ལོ་རྒྱུས་དང་། ཆོས་ལུགས། ཉིན་རེའི་འཚོ་བ་བཅས་དང་ཡོངས་སུ་འབྲེལ་བའི་རྩ་ཆེའི་རིག་གཞུང་གི་སྒྱུ་རྩལ་ཞིག་ཡིན་ཞིང་། བཙན་བྱོལ་ནང་བོད་ཀྱི་ཟློས་གར་ཚོགས་པས་འདས་པའི་མི་ལོ་བཅུ་ཕྲག་དྲུག་ལྷག་གི་རིང་། གཏམ་བརྗོད་དང་། ཆོལ་གསུམ་གཞས་སྣ། ལྷ་མོའི་འཁྲབ་གཞུང་། དེ་བཞིན་རོལ་ཆ་དཀྲོལ་སྟངས་བཅས་མི་རབས་གསར་པ་ཚོར་སློབ་འཁྲིད་དང་འཛམ་གླིང་གང་སར་འཁྲབ་སྟོན་བྱེད་བཞིན་ཡོད་པ་རེད། ཉེ་ལམ་ཐེ་ཝན་དུ་བོད་ཀྱི་ཟློས་གར་ཚོགས་པའི་རིག་གཞུང་འཁྲབ་སྟོན་གནང་སྟེ། ཐེ་ཝན་གྱི་གཟིགས་མོ་བ་ཚོར་བོད་ཀྱི་སྒྱུ་རྩལ་གྱི་ཕུན་སུམ་ཚོགས་པའི་ཁྱད་ཆོས་དང་། རིག་གཞུང་གི་ངོ་བོ་། དེ་བཞིན་་སྲོལ་རྒྱུན་རིག་གཞུང་ཉམས་སུ་མྱོང་བའི་གོ་སྐབས་ཞིག་ཀྱང་སྐྲུན་ཡོད་པ་བོད་ཀྱི་ཟློས་གར་ཚོགས་པའི་སྒྱུ་རྩལ་བ་བསྟན་འཛིན་ཉི་མ་ལགས་ཀྱིས་བརྗོད་བྱུང་།
བརྗེ་ལེན་གྱི་ལས་རིམ་འདི་དང་འབྲེལ་བའི་ཐད་གོ་སྒྲིག་གནང་མཁན་གྱི་འགན་འཁུར་བ་ J&V originals co.,LTD འགན་འཛིན་ཝི་ཝིཡན་ལིའུ་ཡིས་གསུངས་དོན་དུ། ང་ཚོས་བོད་ཀྱི་ཟློས་གར་ཚོགས་པར་ཐེ་ཝན་དུ་གདན་ཞུས་གནང་སྟེ། རིག་གཞུང་འཁྲབ་སྟོན་གནང་བ་དེས་འཁྲབ་སྟོན་ཙམ་མིན་པར། དེ་ནི་ཧ་ཅང་གི་ངོ་མཚར་ཆེ་བའི་ལོ་རྒྱུས་རང་བཞིན་ལྡན་པའི་རིག་གཞུང་དེ་དག་མུ་མཐུད་རྒྱུན་འཛིན་དང་མི་རབས་གསར་པ་ཚོར་བློ་སྐྱེད་སྤེལ་རྒྱུ་སོགས་ལ་དམིགས་ཏེ་གོ་སྒྲིག་ཞུས་པ་ཡིན་པ་གསུངས་བྱུང་།
ཕྱོགས་གཅིག་ནས་རྒྱ་ནག་གཞུང་གིས། བོད་ཀྱི་སྲོལ་རྒྱུན་གྱི་ཟློས་གར་སྒྱུ་རྩལ་ལ་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་རྣམ་པའི་ཐོག་ནས་སྲེ་ལྷད་བྱས་དང་བྱེད་མུས་ཡིན་པའི་དུས་སྐབས་འདིར། བཙན་བྱོལ་དུ་ཡོད་པའི་བོད་མི་རྣམས་ཀྱིས་རང་གི་ཐུན་མིན་སྲོལ་རྒྱུན་གྱི་རིག་གཞུང་དང་ཟློས་གར་སྒྱུ་རྩལ་རྣམས་དྲི་མ་མེད་པར་འཛིན་སྐྱོང་སྤེལ་གསུམ་བྱེད་རྒྱུ་ནི་འགག་རྩ་ལ་ཐུགས་ཡོད་ཅེས་ཐེ་ཝན་རྒྱ་རིགས་གཟིགས་མོ་བ་ཞིག་གིས་གསུངས་བྱུང་།
ད་རེས་ཐེ་ཝན་དུ་ཨེ་ཤེ་ཡའི་སྒྱུ་རྩལ་དང་རིག་གཞུང་འཁྲབ་སྟོན་གྱི་དུས་སྟོན་གོ་སྒྲིག་གནང་མཁན་རྣམས་ཀྱིས། ཐེངས་འདིའི་དུས་སྟོན་དེས་ཐེ་ཝན་གྱི་མི་མང་དང་བོད་མིའི་བར་སྲོལ་རྒྱུན་དང་དེང་རབས་ཀྱི་རིག་གཞུང་བརྗེ་ལེན་བྱས་ཏེ། ཕན་ཚུན་གོ་རྟོགས་ཟབ་ཏུ་གཏོང་བར་ཕན་ཐོགས་ཆེན་པོ་བྱུང་སྐོར་ཐེ་ཝན་གྱི་མི་རིགས་ཡིན་པ་ཧུའང་། ཧིན་ཧུཡི། དང་བྷེ་ཊི་བཅས་གཟིགས་མོ་བ་ཁག་ཅིག་གིས་བརྗོད་བྱུང་།
J&V Originals Co., Ltd. (雙象文創有限公司) ནི་ཕྱི་ལོ་ ༢༠༡༠ ཟླ་ ༣ པར་གསར་འཛུགས་བྱས་པའི་ཐེ་ཝན་གྱི་རིག་གནས་དང་གསར་གཏོད་ལས་རིགས་ཀྱི་ཚོང་ལས་ཁང་ཞིག་ཡིན་ཞིང་།ཚོང་ལས་ཁང་གི་ལྟེ་གནས་ཐེ་ཝན་གྱི་ཐའེ་པེ་གྲོང་ཁྱེར་དུ་ཡོད་པ་རེད། ཚོང་ལས་ཁང་འདིས་གཙོ་བོ་རིག་གནས་དང་སྒྱུ་རྩལ་གྱི་མཛད་སྒོ་ཁག་དང་། འཁྲབ་སྟོན་སྒྱུ་རྩལ། འགྲེམས་སྟོན། མཛད་སྒོའི་འཆར་འགོད་དང་གོ་སྒྲིག དེ་བཞིན་དྲིལ་བསྒྲགས་ཞབས་ཞུ་སོགས་ཀྱི་ལས་དོན་གཉེར་བཞིན་ཡོད་པ་རེད།
ཐེ་ཝན་དུ་བསྐོང་ཚོགས་བྱས་པའི་ཧི་མ་ལ་ཡའི་རིག་གཞུང་དུས་སྟོན་ཐོག་བོད་དང་བལ་ཡུལ། རྒྱ་གར་སོགས་ཧི་མ་ལ་ཡའི་རི་རྒྱུད་དང་འབྲེལ་བའི་རིག་གཞུང་སྣ་ཚོགས་ཤིག་འགྲེམས་སྟོན་དང་འཁྲབ་སྟོན་གནང་འདུག
བོད་ཀྱི་ཟློས་གར་ཚོགས་པ་ནི། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཟློས་གར་དང་རོལ་དབྱངས་ཀྱི་སྒྱུ་རྩལ་མི་ཉམས་རྒྱུན་འཛིན་སླད་ ༡༩༥༩ ལོར་བཙན་བྱོལ་ལ་ཆིབས་སྒྱུར་གནང་མ་ཐག དུས་ཡུན་ཟླ་བ་ ༥ ཡི་རྗེས་ལ་ཟློས་གར་ཚོགས་པ་དེ་གསར་འཛུགས་གནང་པ་ཞིག་ཡིན་པ་རེད།།
བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།
