སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཨོཀ་སི་ཐེབས་རྩ་ཁང་གིས་ ༢༠༢༦ Metropolitan Chrysostomos གཟེངས་བསྟོད་ཀྱི་བྱ་དགའ་ཕུལ་བ།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་༧སྐུ་ཚེ་ཧྲིལ་པོར་འགྲོ་བ་མིའི་བཟང་སྤྱོད་དང་། བྱམས་བརྩེ། འགྲོ་བ་མི་གཅིག་འགྱུར་གྱི་འདུ་ཤེས་བཅས་གོང་སྤེལ་དང་། འཚེ་བ་མེད་པའི་ཐབས་ལམ་བརྒྱུད་ཞི་བདེ་ལྡན་པའི་འཛམ་གླིང་སྐྲུན་ཐབས་སུ་རླབས་ཆེན་གྱི་མཛད་འཕྲིན་བསྐྱངས་གནང་མཛད་པར་ངོས་འཛིན་ཆེ་བསྟོད་ཞུ་ཕྱིར་ཨོཀ་སི་ཝ་ཤིང་ཊོན་དགེ་རྩ་ཁང་གིས་ ༢༠༢༦ ལོའི་ Metropolitan Chrysostomos གཟེངས་བསྟོད་བྱ་དགའ་འདི་བཞིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་གྱི་རྒྱལ་ཡོངས་གཙུག་ལག་ཁང་ངམ་ (Washington National Cathedral) དུ་ཕྱི་ཟླ་ ༡༠ ཚེས་ ༢༨ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ལམ་ཞུས་ཡོད་པ་རེད།
“བྱམས་བརྩེ་ཉམས་ལེན་བྱེད་རྒྱུ་འདི་འགྲོ་བ་མི་ཚང་མར་མཁོ་བ་ཞིག་རེད།”
བྱང་ཨ་རིའི་སྐུ་ཚབ་དོན་གཅོད་རྣམ་རྒྱལ་ཆོས་གྲུབ་ལགས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན་སྒྲོག་སྦྱང་ཞུས་པའི་ནང་། “༧གང་ཉིད་ཀྱིས་མིའི་གཤིས་རྒྱུད་བཟང་པོ་དང་། བྱམས་སྙིང་རྗེ། བཟོད་བསྲན་གི་སྐོར་ཁྱབ་སྤེལ་གནང་ཡོད་པས་འདི་དག་བརྒྱུད་འཛམ་གླིང་ནང་ཞི་བདེ་སྐྲུན་པ་དང་། བོད་སྐད་ནང་ཁ་དཔེ་ཡོད་པ་ལྟར་དཀའ་ངལ་གང་ཞིག་ཡིན་རུང་བརྩེ་བ་དང་བྱམས་སྙིང་རྗེའི་བརྒྱུད་ནས་སེལ་ཐུབ་པར་གཤོད་སྲོལ་ཡོད་ལ། འདི་དག་ནི་མིའི་བདེ་སྐྱིད་ཀྱི་རྩ་བ་ཡིན་པ་དང་། ཁྱད་ཆོས་འདི་དག་ང་ཚོའི་རྒྱུད་ལ་རང་བཞིན་གྱི་ཡོད་པ་ཞིག་རེད་ལ། རང་ལ་ལྟ་སྤྱོད་ངན་པ་འཛིན་མཁན་ཞིག་ཡིན་ཡང་བྱམས་བརྩེའི་ཀུན་སྤྱོད་ཀྱིས་དེ་དག་དོར་གྱི་མེད། གང་ལ་ཞེ་ན་འདི་ནི་མི་གཞན་ལ་ཕན་བདེའི་བསམ་པ་ཞིག་བཅང་པར་བརྟེན་ནས་བྱུང་གི་ཡོད་ཅེས་དང་། བྱམས་བརྩེ་ཉམས་ལེན་བྱེད་རྒྱུ་འདི་འགྲོ་བ་མི་ཚང་མར་མཁོ་བ་ཞིག་དང་ཉིན་རེའི་ལས་དོན་གང་ལ་འཇུག་ཀྱང་འབྲེལ་བ་ཡོད་པ་ཞིག་རེད་“ ཅེས་གསུང་འཕྲིན་བསྩལ་འདུག
“ཞི་བདེའི་བརྡ་ལན་ཁྱབ་སྤེལ་གནང་པ་ནི་ས་ཁམས་གཅིག་པུ་མིན་པར་ཆབ་སྲིད་ཀྱི་སྡེ་ཁག་ནང་དུའང་གལ་ཆེན་པོ་ཡིན་པ་བཀའ་སློབ་ནན་ཏན་གནང་ཡོད།”
གཟེངས་བསྟོད་བྱ་དགའ་འབུལ་བཞེས་ཀྱི་མཛད་སྒོའི་ཐོག ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཟུར་དང་འཐུས་མི་ལྕམ་ནེན་སི་པེ་ལོ་སི་མཆོག་གིས་བརྙན་གྱི་བརྒྱུད་ནས་༧གོང་ས་མཆོག་ལ་ཆེ་བསྟོད་ཀྱི་ངོ་སྤྲོད་ཞུས་ཡོད་པ་རེད།

དེ་ཡང་ལྕམ་ནེན་སི་པེ་ལོ་སི་མཆོག་གིས། “སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོར་རྒྱུན་དུ་མིའི་ནུས་པ་དངོས་དེ་བྱམས་བརྩེ་ཡིན་པ་ལས་དབང་ཤུགས་མིན་པའི་སྐོར་སློབ་སྟོན་གནང་ཡོད་པ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ལོ་མང་རིང་ཐུགས་འདྲིས་ཆེན་པོ་བྱུང་པ་འདི་ངོས་རང་ལ་ཧ་ཅང་གི་སྐལ་བ་བཟང་པོ་དང་ཨ་རིར་ཕེབས་བསུའི་སྣེ་ལེན་ཞུ་རྒྱུ་དང་། ཕྱི་ལོ་ ༢༠༠༧ ལོར་སྲིད་འཛིན་སྦུཤ་དང་ལྷན་རྒྱས་ལ་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་ཆེད་གདན་ཞུ་བྱ་རྒྱུའི་གོ་སྐལ་བྱུང་པར་ཆེ་མཐོང་ཆེན་པོར་རྩིས་ཀྱི་ཡོད་ལ། འདིས་བོད་མིའི་རང་དབང་འཐབ་རྩོད་གཅིག་པུ་མིན་པར། འགྲོ་བ་མིའི་བདེ་དོན་བརྩི་སྲུང་བྱ་རྒྱུར་ས་མཚམས་མེད་པ་འདི་འཇིག་རྟེན་ཀུན་ཁྱབ་ཀྱི་བདེན་དོན་ཡིན་པར་ངོས་འཛིན་བྱུང་ཡོད་ཅེས་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་སྒྱུར་གྱི་མཛད་འཕྲིན་ནམ་ཡིན་ལ་ཞི་བདེའི་བརྡ་ལན་ཁྱབ་སྤེལ་གནང་པ་ནི་ས་ཁམས་གཅིག་པུ་མིན་པར་ཆབ་སྲིད་ཀྱི་སྡེ་ཁག་ནང་དུའང་གལ་ཆེན་པོ་ཡིན་པ་བཀའ་སློབ་ནན་ཏན་གནང་ཡོད་པ་རེད་”ཅེས་ཆེ་བསྟོད་ཞུས་འདུག
གཟེངས་རྟགས་དེ་སྔོན་ཆད་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཨེ་ལི་ཝི་སེལ་ (Elie Wiesel) དང་། ཨིས་རེལ་གྱི་སྲིད་འཛིན་ཟུར་པ་ཤི་མོན་པེ་རེས་ (Shimon Peres) སོགས་གྲགས་ཅན་མི་སྣ་མང་པོར་ཕུལ་ཡོད་པ་རེད།
Metropolitan Chrysostomos གཟེངས་རྟགས་དེའི་མཚན་ཐོགས་སྟངས་ནི་ Zakynthos གླིང་ཕྲན་གྱི་ཆོས་དཔོན་Chrysostomos ཀྱི་མཚན་བཏགས་པ་ཞིག་ཡིན་པ་དང་། ཁོང་གིས་གླིང་ཕྲན་དེའི་སྤྱི་ཁྱབ་ (Loukas Karrer) ལགས་དང་མཉམ་དུ། འཛམ་གླིང་དམག་ཆེན་གཉིས་པའི་དམག་འཁྲུགས་བྱུང་པའི་སྐབས་འཇར་མཎ་གྱི་ན་ཛི་དམག་དཔུང་གིས་ Zakynthos གླིང་ཕྲན་དུ་འཛིན་བཟུང་བྱས་པའི་ཇིའུ་མི་རིགས་རྣམས་དམག་དཔུང་དེར་རྩིས་སྤྲོད་བྱེད་རྒྱུར་ཁས་ལེན་མ་བྱས་པར་ངོ་རྒོལ་བྱས་རྐྱེན་གྱིས་གླིང་ཕྲན་དེའི་ཇིའུ་མི་རིགས་ཚོ་དམག་འཁྲུགས་དེའི་རིང་འཚོ་གནས་ཐུབ་པ་བྱུང་བ་དེ་ཕྱག་རྗེས་ལ་ངོས་འཛིན་ཞུས་པ་ཞིག་རེད་འདུག
Oxi ཞེས་བྱ་དགའ་ཕུལ་མཁན་གྱི་ཝ་ཤིང་ཊོན་གྱི་ཚོགས་པ་དེའི་མཚན་བྱང་ཐ་སྙད་ནི་གྷིརིཀ་གི་ཚིག་བརྗོད་དུ་མིན་ཞེས་པའམ་ཡང་འཁོན་འཛིན་དང་སྡང་ཟུག་ལ་ངོས་ལེན་མེད་ཅེས་པ་དེ་མཚོན་གྱི་ཡོད་པ་རེད།།
བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།
