༧གོང་ས་མཆོག་ལ་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་ཕུལ་སོང་།

ཟློས་གར་སྒྱུ་རྩལ་བ་བསོད་ནམས་བཀྲིས་ལགས་ཀྱིས་མི་ཚེའི་མཐའ་མཇུག་བར་ “བོད་ཀྱི་རིག་གཞུང་ཐོག་ལས་དོན་བསྒྲུབ་རྒྱུ་ཡིན་" ཞེས་གསུང་གི་འདུག

༧གོང་ས་མཆོག་ལ་རིག་གཞུང་གི་ཚོགས་སྒེར་མཉམ་འདུས་ཀྱིས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་སྒོ་ནས་བརྟན་བཞུགས་ཕུལ་སོང་།

བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བརྟན་བཞུགས་ཀྱི་རྡོ་རྗེ་སློབ་དཔོན་དུ་གླིང་མཆོག་སྤྲུལ་རིན་པོ་ཆེ་དབུ་བཞུགས་ཐོག བོད་ཀྱི་ཟློས་གར་ཚོགས་པ་དང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་། བལ་ཡུལ་ལྷ་མོ་ཚོགས་པ་བཅས་ཀྱིས། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ། ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་པ་རེད།

བཞུགས་སྒར་དུ་བརྟན་བཞུགས་བསྟར་འབུལ་ཞུས་པའི་སྐབས་ཀྱི་སྐུ་པར། ༢༠༢༦།༡༠།༢༡
བརྟན་བཞུགས་བསྟར་འབུལ་ཞུས་པ། བཞུགས་སྒར་དུ་བརྟན་བཞུགས་བསྟར་འབུལ་ཞུས་པའི་སྐབས་ཀྱི་སྐུ་པར། ༢༠༢༦།༡༠།༢༡ (RFA Tibetan)

བརྟན་བཞུགས་འདིའི་ཆེད་དུ་འཛམ་གླིང་ས་ཕྱོགས་གང་ས་ནས་ཁྱོན་མི་གྲངས་ཆིག་སྟོང་ལྷག་བཞུགས་སྒར་དུ་ཆེད་བཅར་ཞུས་ཡོད་པ་དང་། དམིགས་བསལ་ཟློས་གར་གྱི་ཚོགས་མི་ཟུར་པ་དང་བོད་ཀྱི་རིག་གཞུང་འཁྲབ་སྟོན་ཐད་དོ་དབྱིངས་ཡོད་མཁན་ཁག་ཅིག་གིས། བརྟན་བཞུགས་དངོས་ནི་༧གོང་ས་མཆོག་གི་དགོངས་གཞི་ལྟར་བོད་ཀྱི་རིག་གཞུང་གཅེས་འཛིན་བྱ་རྒྱུ་དེ་ཡིན་པས། མུ་མཐུད་དེའི་ཐད་ཕྱག་ལས་གནང་རྒྱུའི་སེམས་ཤུགས་སྐྱེས་པ་དང་བློ་སྤོབས་སྦྱིན་ཡོད་པ་འདི་ག་རླུང་འཕྲིན་ཁང་ལ་གསུང་གི་འདུག

ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བརྟན་བཞུགས་བསྟར་འབུལ་ཞུས་པའི་སྐབས། ༢༠༢༦།༡༠།༢༡
༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སྐབས། ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བརྟན་བཞུགས་བསྟར་འབུལ་ཞུས་པའི་སྐབས། ༢༠༢༦།༡༠།༢༡ (RFA Tibetan)

དེ་ཡང་བོད་ཀྱི་གཞས་མ་པ་སངས་ལྷ་མོ་ལགས་ཀྱིས། ཐེངས་འདིར་བརྟན་བཞུགས་འབུལ་ཐུབ་པར་ཁོང་སྒྱུ་རྩལ་བ་ཞིག་ཡིན་པའི་ཆ་ནས་ཧ་ཅང་དགའ་པོ་དང་སྐལ་པ་བཟང་པོ་ཚོར་བྱུང་ཞེས་དང་། མུ་མཐུད་བོད་ཀྱི་གཞས་དང་ཞབས་བྲོ། རིག་གཞུང་སྲུང་སྐྱོབ་སོགས་ཀྱི་ཐད་ཕྱག་ལས་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ཅེས་གསུང་གི་འདུག་ལ། སུད་སིར་གནས་བཞུགས་སྒོ་པེ་སྐྱིད་འཛོམས་ལགས་ཀྱིས། ད་བར་ཕྱི་རྒྱལ་ལ་སླེབས་ཏེ་བོད་པའི་ཕྲུ་གུ་ཡོད་ཚད་ལ་ལོ་ ༣༠ རིང་གཞས་དང་རོལ་ཆ་བསླབས་མྱོང་ཡོད་ལ། ད་ཆ་རྒས་ཡོལ་ཟིན་ཡང་མུ་མཐུད་སེམས་ཤུགས་མ་ཆག་པར་ད་དུང་གང་ཐུབ་བྱེད་དགོས་པའི་སེམས་ཤུགས་ཤིག་བསླེབས་ཡོད་པ་གསུང་གི་འདུག

མི་ཚེའི་མཐའ་མཇུག་བར་ “བོད་ཀྱི་རིག་གཞུང་ཐོག་ལས་དོན་བསྒྲུབ་རྒྱུ་ཡིན།"

ཡང་བསོད་ནམས་བཀྲ་ཤིས་ལགས་ཀྱིས། ཁོང་གི་མི་ཚེའི་དབུགས་མཐའ་མའི་དབར་མུ་མཐུད་ད་ཆ་གནང་བཞིན་བོད་པའི་རིག་གཞུང་ལ་དོ་ཁུར་གྱི་ཕྱག་ལས་གནང་རྒྱུ་ཡིན་ཞེས་དང་། དེའི་རྒྱུ་མཚན་ནི་གཙོ་བོ་ད་ལྟའི་གཞོན་སྐྱེས་ལ་རེ་བ་མཐོང་གི་ཡོད་པ་དང་། དེ་ཡང་ད་ཆ་སློབ་གྲྭ་ཁག་གི་ནང་ཡོད་པའི་བོད་པའི་སློབ་ཕྲུག་ཚོས་ཟློས་ཟུར་ཚོས་འཁྲབ་མ་ཐུབ་པའི་ལྷ་མོའི་འཁྲབ་སྟོན་སོགས་གནང་བཞིན་པ་རིགས་མཐོང་དུས་སེམས་ཤུགས་ཤིག་ཡོང་གི་ཡོད་པ་དང་། བསྟན་པ་མུ་མཐུད་དར་གྱི་ཡོད་པའི་ཚོར་བ་ཡོང་གི་འདུག་ཅེས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཐེངས་འདིའི་བརྟན་བཞུགས་ཀྱི་འབུལ་ཚན་དུ་བོད་ཀྱི་ཟློས་གར་ཚོགས་པ་ཐུན་མོང་གི་༧གོང་ས་མཆོག་སྐུ་ཚེ་ཡུན་དུ་བརྟན་ཆེད། གྲུབ་ཆེན་ཐང་སྟོང་རྒྱལ་པོའི་སྐུ་བརྙན་ཞིག་དང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གིས་༧གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་གྱི་ཆོས་ཀྱི་འཁོར་ལོའི་གཟེངས་རྟགས་ཤིག་འབུལ་བཞེས་མཛད་ཡོད་པ་རེད།

བརྟན་བཞུགས་གྲུབ་མཚམས་སྒྱུ་རྩལ་བ་རྣམས་ཀྱིས་ཞབས་བྲོ་བསྐྱོན་བཞིན་པའི་རྣམ་པ། ༢༠༢༦།༡༠།༢༡
བརྟན་བཞུགས་གྲུབ་མཚམས་སྒྱུ་རྩལ་བ་རྣམས་ཀྱིས་ཞབས་བྲོ་བསྐྱོན་པའི་སྐབས། བརྟན་བཞུགས་གྲུབ་མཚམས་སྒྱུ་རྩལ་བ་རྣམས་ཀྱིས་ཞབས་བྲོ་བསྐྱོན་བཞིན་པའི་རྣམ་པ། ༢༠༢༦།༡༠།༢༡ (RFA Tibetan)

བརྟན་བཞུགས་གྲུབ་པའི་རྗེས་བོད་ཀྱི་ཟློས་གར་ཚོགས་པ་དང་ཟློས་ཟུར་རྣམས་ཀྱིས་༧སྐུའི་ལྷག་དཀར་སྲུང་བརྩི་ཞུ་ཆེད། ཆོལ་ཁ་གསུམ་གྱི་སྲོལ་རྒྱུན་སྒོར་གཞས་འཁྲབ་སྟོན་གནང་སོང་།།

པར་ལེན་དང་བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།