བཞུགས་སྒར་ནས་ཆིག་སྒྲིལ་གྱི་མེ་ལྕེའི་སྐོར་སྐྱོད་ཀྱི་ལས་འགུལ་འགོ་འཛུགས་གནང་འདུག

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བཞུགས་སྒར་ནས་ཆིག་སྒྲིལ་གྱི་མེ་ལྕེའི་སྐོར་སྐྱོད་ཀྱི་ལས་འགུལ་འགོ་འཛུགས་གནང་འདུག

བཞུགས་སྒར་ནས་ཆིག་སྒྲིལ་གྱི་མེ་ལྕེའི་སྐོར་སྐྱོད་ཀྱི་ལས་འགུལ་འགོ་འཛུགས་གནང་པ།

དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་བོད་མིའི་ཆིག་སྒྲིལ་དང་མཉམ་ལས་ཀྱི་བསམ་བློ་གོང་སྤེལ་དང་སྲ་བརྟན་དུ་གཏོང་བར་གཙོར་དམིགས་ཀྱིས། ཆིག་སྒྲིལ་གྱི་མེ་ལྕེའི་སྐོར་སྐྱོད་ཀྱི་ལས་འགུལ་ཞེས། བཞུགས་སྒར་རྡ་ས་ནས་རྒྱ་གར་གྱི་མངའ་སྡེ་ཆེ་ཁག་ཉེར་ལྔ་ཙམ་དང་དེ་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་རྒྱུན་མཐུད་ཀྱི་ལས་འགུལ་ཞིག་ཕྱི་ཟླ་ ༡༡ ཚེས་ ༡༨ ཉིན་འགོ་འཛུགས་ཀྱིས། ལས་འགུལ་དེའི་ཐོག་མཐའ་བར་གསུམ་དུ་ལས་འགུལ་བ་ཚོས་བློ་དགའ་རང་བཙན་ལགས་ཀྱི་ནང་མི་ཉེ་འབྲེལ་ནས་ལག་སོན་བྱུང་བའི། བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྐབས་ཨ་རིའི་ནིའུ་ཡོཀ་ཏུ་རྟེན་གཞི་བྱས་པའི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མདུན་དུ་སྒྲེང་འཛུགས་བྱས་པའི་བོད་ཀྱི་རྒྱལ་དར་དེ་བཞིན། ཁོང་གི་བློང་བཏང་རྗེས་དྲན་བྱ་ཆེད་དང་། བོད་རང་དབང་གི་རེ་བ་བརླགས་མེད་པའི་མཚོན་རྟགས་སུ་མཉམ་དུ་བསྣམས་རྒྱུ་ཡིན་འདུག

ཐེངས་འདིའི་ཆིག་སྒྲིལ་གྱི་མེ་ལྕེའི་སྐོར་སྐྱོད་ཅེས་བཏགས་དགོས་པ་དེ་ཡང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་བསམ་ཚུལ་དང་ལངས་ཕྱོགས་མི་མཐུན་པ་ཡོང་སྲིད་ཀྱང་། སྒེར་སོ་སོའི་གནས་བབ་ལ་དཔག་པའི་འཐབ་རྩོད་ལ་འགན་འཁྱེར་དགོས་གལ་ཆེ་བའི་དྲན་སྐུལ་བྱེད་ཆེད་དུ་ཡིན་ཞེས། དབུས་བོད་ཀྱི་གཞོན་ལྷན་ཚོགས་གཙོ་ཚེ་རིང་ཆོས་འཕེལ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

“ཆིག་སྒྲིལ་ཞེས་པ་སྐབས་བབ་གལ་ཆེན་ཞིག་ཏུ་གྱུར་ཡོད།”

ལས་འགུལ་དབུ་འབྱེད་ཀྱི་མཛད་སྒོར་ཕེབས་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བཀྲས་ཁང་སྒྲོལ་མ་ཚེ་རིང་ལགས་ཀྱིས། ཆིག་སྒྲིལ་གྱི་མེ་ལྕེའི་སྐོར་སྐྱོད་ཀྱི་ལས་འགུལ་ཞེས་ཆིག་སྒྲིལ་ཞེས་པའི་མིང་བྱང་དེ་ནི་སྐབས་བབ་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅིང་། དེ་ཡང་བོད་དོན་འཐབ་རྩོད་ཀྱི་ལས་དོན་ལ་ཆིག་སྒྲིལ་གྱི་ནུས་པ་གལ་ཆེ་ཤོས་ཆགས་ཀྱི་ཡོད་པ་དང་། ཆིག་སྒྲིལ་དེ་ཡང་མི་རེ་ངོ་རེའི་སེམས་ནང་དུ་འདུ་ཤེས་ཤིག་བསྐྲུན་དགོས་པ་ཡིན་ཞེས་གསུངས་ཤིང་། བློ་དགའ་རང་བཙན་ལགས་ཀྱིས་སྒྲེང་འཛུགས་གནང་བའི་རྒྱལ་དར་དེས། བོད་མི་རིགས་ཀྱི་ངོ་བོ་ཡོངས་སུ་མཚོན་ཞིང་། བོད་ཀྱི་རྒྱལ་དར་གྱིས་བོད་དེ་རྒྱ་ནག་དང་ཐ་དད་པའི་རྒྱལ་ཁབ་ཅིག་ཡིན་པར་མཚོན་པའི་སྟོབས་ཤུགས་ཀྱི་ནུས་པ་ལྡན་ཡོད་པ་གསུངས་སོང་ལ། སྲིད་ཚབ་ཤེས་རིག་བཀའ་བློན་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ཕྱི་ནང་གཉིས་སུ་སྤེལ་བཞིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལམ་ལྷོང་དུ་མི་འགྲོ་བའི་ཆེད་དང་དེར་རྒོལ་ལན་ཆེད། མུ་མཐུད་ལས་འགུལ་སྣ་མང་སྤེལ་དགོས་པའི་གཞེན་སྐུལ་གནང་སོང་།

ལས་འགུལ་གྱི་དམིགས་ཡུལ།

ཐེངས་འདིའི་ཆིག་སྒྲིལ་གྱི་མེ་ལྕེའི་སྐོར་སྐྱོད་ཀྱི་ལས་འགུལ་དེའི་དགོས་འདུན་དོན་ཚན་ལྔ་ཡོད་པ་ནི། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་ཡང་སྲིད་ཀྱི་གནད་དོན་ཐད་རྒྱ་ནག་གཞུང་ལ་ཐེ་བྱུས་བྱེད་པའི་ཐོབ་ཐང་མེད་པ་དང་། དེར་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱབ་སྐྱོར་དགོས་པ་དང་། ད་བར་བོད་མི་རང་ལུས་མེར་བསྲེགས་གནང་བ་ཆ་ཚང་ཆབ་སྲིད་ཀྱི་ལས་འགུལ་ཞིག་ཏུ་ངོས་འཛིན་དགོས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་དེ་ནུས་མེད་དུ་གཏོང་བར་རྒྱ་ནག་ལ་གནོན་ཤུགས་སྤྲོད་དགོས་པ། བོད་དེ་གནའ་སྔ་མོ་ནས་རང་བཙན་མངའ་དབང་ལྡན་པའི་རྒྱལ་ཁབ་དང་ཕྱིས་སུ་རྒྱ་ནག་གཞུང་གིས་བཙན་བཟུང་བྱས་པའི་རྒྱལ་ཁབ་ཅིག་ཡིན་པར་རྒྱལ་སྤྱིའི་ངོས་ནས་ངོས་ལེན་དགོས་པ། བོད་ནང་གི་ཆབ་སྲིད་བཙོན་པ་ཡོངས་རྫོགས་གློད་བཀྲོལ་དགོས་པ་བཅས་ཡིན་འདུག

པར་ལེན་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།