ཟླ་བ་འདིའི་ཚེས་ ༡༨ དང་ ༡༩ བཅས་ཉིན་གཉིས་རིང་རྒྱ་ནག་གི་ཤན་ཊན་ (Shenzhen) གྲོང་ཁྱེར་ནང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་ཁག་ཅིག་གི་འགོ་ཁྲིད་རྣམ་པའི་དཔལ་འབྱོར་མཉམ་ལས་ལྷན་ཚོགས་ (Asia-Pacific Economic Cooperation) ཚོགས་ཀྱི་ཡོད་པ་དང་། སྐབས་དེར་ཕྱོགས་གཉིས་ཀྱི་དཔལ་འབྱོར་དང་ཚོང་དོན་སོགས་ལ་གྲོས་མོལ་གནང་པ་ལས། གནད་དོན་དབྱེ་ཞིབ་པས་འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་ཐད་གྲོས་མོལ་གནང་པའི་རེ་བ་གནང་གི་མེད་པ་རེད།
དེ་ཡང་ད་ལྟའི་དུས་སྐབས་འདི་ནི་རྒྱ་ནག་གིས་དཔལ་འབྱོར་དང་ཕྱི་འབྲེལ་གྱི་ཤུགས་རྐྱེན་ཆེ་རུ་གཏོང་རྒྱུའི་འབད་བརྩོན་བྱེད་བཞིན་པའི་དུས་སྐབས་སུ་འཁེལ་ཞིང་། ལྷག་པར་རྒྱ་ནག་དང་ཨ་རི་དབར་གྱི་ཚོང་དོན་སོགས་ཀྱི་འགྲན་རྩོད་དེ་མུ་མཐུད་དུ་གནས་ཡོད་པའི་དུས་ཚོས་ཞིག་ཀྱང་ཆགས་ཡོད།
ཨ་རིའི་སྲིད་འཛིན་ཌོ་ནལཌ་ཊམཔ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་ཀྱིས་ཕྱི་ཟླ་ ༡༡ ཚེས་ ༡༩ ཉིན་ཟུར་དུ་མཇལ་འཕྲད་གནང་རྒྱུའི་ལས་རིམ་དེ་ནི་རྒྱལ་སྤྱིའི་ངོས་ནས་དོ་སྣང་བྱ་ཡུལ་ཞིག་ཆགས་ཡོད་ལ། དེ་མཚུངས་ཨ་རི་དང་། རྒྱ་ནག ར་ཤི་ཡ་བཅས་ཀྱི་འགོ་ཁྲིད་དབར་གྲོས་མོལ་གྱི་ཚོགས་འདུ་ཞིག་ཀྱང་འཚོགས་རྒྱུ་གཏན་འཁེལ་བྱུང་ཡོད་པ་རེད།
“འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་གི་མ་རེད་སྙམ།"
ཨ་རིའི་རྒྱས་སར་རྟེན་གཞི་བྱེད་པའི་སིཊིམ་སོན་ལྟེ་གནས་ཁང་ (Senior Fellow and Director of the China Program, Stimson Center) གི་རྒྱ་ནག་ལས་རིམ་གྱི་འགན་འཛིན་དང་ཉམས་ཞིབ་པ་བགྲེས་པ་ཡུན་སུན་ (Yun Sun) ལགས་ཀྱིས་ཨ་རི་དང་རྒྱ་ནག་གི་སྲིད་འཛིན་གྱི་གྲོལ་མོལ་ནང་གཙོ་བོ་ཕྱོགས་གཉིས་ཀྱི་གནད་དོན་སྐོར་གླེང་རྒྱུ་དང་། བྱང་ཀོ་རི་ཡ་དང་ཨི་རན་ལྟ་བུའི་གནད་དོན་གལ་ཆེན་ཐོག་གྲོས་མོལ་བྱེད་སྲིད་པ་ལས། འགྲོ་བ་མིའི་ཐོབ་ཐང་གི་སྐོར་གྲོས་བསྡུར་གནང་རྒྱུའི་ཐོ་གཞུང་ནང་ཚུད་ཀྱི་མ་རེད་བསམ་གྱི་འདུག” ཅེས་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཁོང་གིས་ད་དུང་། ཚོང་དོན་དང་མིས་བཟོས་རིག་ནུས་སྐོར་གནད་དོན་མང་ཆེ་བ་འདི་ལོ་ཕྱི་ཟླ་དགུ་པའི་ནང་ཞི་ཅིན་ཕིང་ཨ་རིར་རྒྱལ་དོན་ལྟ་སྐོར་ལ་འབྱོར་སྐབས་མོས་མཐུན་བྱུང་ཟིན་པར་ངོས་འཛིན་བྱེད་ཀྱི་འདུག་ལ། ད་རེས་ཀྱི་ཚོགས་འདུའི་ཐོག་ཐེ་ཝན་ལ་གོ་མཚོན་ཚོང་རྒྱུའི་གནད་དོན་སྐོར་ལ་གྲོས་མོལ་གནང་རྒྱུ་ཡིན་མིན་དང་། Nvidia འཕྲུལ་ལས་ཁང་དང་འབྲེལ་བའི་གནས་དོན་སྐོར་དང་མ་འོངས་པར་རྒྱ་ནག་ལ་ཨ་རིའི་ནང་བཟོ་བསྐྲུན་བྱེད་པའི་གློག་རྡུལ་སྙིང་ལེབ་(Chips) དེ་དག་མཁོ་སྤྲོད་བྱེད་མིན་གྱི་ཐད་གླེང་གྱི་ཡོད་མེད་ལྟ་རྒྱུ་ཞིག་ཆགས་ཀྱི་ཡོད་པར་ངོས་འཛིན་གནང་གི་འདུག
Nvidia ནི་ད་ལྟའི་ཆར་མི་བཟོས་རིག་ནུས་བཟོ་སྐྲུན་ལས་དོན་ཐད་དགོས་གལ་ཆེ་བའི་ཁེ་ལས་ཁང་ཞིག་ཡིན་པ་དང་། ཁེ་ལས་ཁང་དེས་མི་བཟོས་རིག་ནུས་བཟོ་སྐྲུན་པ་ Open AI དང་། Meta སོགས་ལ་འཕྲུལ་ཆས་སྙིང་ལེབ་མཁོ་སྤྲོད་ཚོང་སྒྱུར་བྱེད་ཀྱི་ཡོད་པ་རེད།
རྒྱ་ནག་ལ་དྭོགས་ཟོན་དགོས་པའི་འབོད་སྐུལ་གནང་པ།
ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་གིས་སྲིད་འཛིན་ཊམཔ་ལ་རྒྱ་ནག་མཉམ་འབྲེལ་བ་བྱེད་སྐབས་དྭོགས་ཟོན་བྱ་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད་པ་དང་། ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཐད་ཀྱི་ཆེད་འཛུགས་ཚོགས་ཆུང་ (US House Select Committee on China) གི་ཚོགས་གཙོ་འཇོན་མོ་ལེ་ནར་ (John Moolenaar) ལགས་ཀྱིས་ཊམཔ་མཆོག་གིས་རྒྱ་ནག་དང་གྲོས་མཐུན་བྱེད་རྒྱུ་ལས་མཐུན་ཕྱོགས་རྒྱལ་ཁབ་དང་འབྲེལ་བ་བརྟན་པོ་བཟོ་རྒྱུར་ཤུགས་སྣོན་རྒྱག་དགོས་པ་འདི་གལ་ཆེ་བ་ཡིན་པའི་སྐུལ་མ་གནང་ཡོད་པ་རེད།

དེ་ཡང་མོ་ལེ་ནར་ལགས་ཀྱིས། “རྒྱ་ནག་དམར་ཤོག་ཚོགས་པས་གྲོས་མོལ་བྱེད་རྒྱུར་དགའ་པོ་བྱས་དང་བྱེད་བཞིན་ཡོད། ངས་སྲིད་འཛིན་ལ་མཐུན་ཕྱོགས་ཀྱི་རྒྱལ་ཁབ་དང་མནའ་འབྲེལ་ཚོ་དང་མཉམ་དུ་འབྲེལ་བ་འཛུགས་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན།”ཞེས་གསུངས་ཡོད།
ཚོགས་འདུའི་དམིགས་ཡུལ།
ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་ཁག་ཅིག་གི་འགོ་ཁྲིད་རྣམ་པའི་དཔལ་འབྱོར་མཉམ་ལས་ལྷན་ཚོགས་ (Asia-Pacific Economic Cooperation) ཚོགས་ཆེན་འདི་ནི་ཨ་རི་དང་རྒྱ་ནག་གི་འབྲེལ་བའི་ཆ་ནས་གནད་འགག་ཆགས་ཀྱི་ཡོད་པ་དང་། ཚོགས་འདུའི་བརྒྱུད་རིམ་ཁྲོད་བོད་ཀྱི་གནད་དོན་གླེང་གི་ཡོད་མེད་ཐད་བོད་མི་ཚོར་དོ་སྣང་བྱེད་གཞིར་གྱུར་ཡོད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ད་རེས་ཨ་རིའི་ནང་གི་ཕྱོགས་ཕེབས་འདིའི་སྐབས་སྲིད་འཛིན་ཊམཔ་མཆོག་གིས་རྒྱ་ནག་དང་མཉམ་གྲོས་མོལ་གྱི་སྐབས་དང་། APEC ཚོགས་འདུ། ཟླ་བ་རྗེས་མར་ཚོགས་རྒྱུའི་ G20 ཚོགས་འདུའི་ཐོག་སྲིད་འཛིན་ཞི་དང་མཉམ་དུ་བོད་ཀྱི་གནད་དོན་གླེང་པའི་རེ་བ་གནང་གི་མེད་སྐོར་བརྗོད་ཡོད་པ་རེད།
འདི་ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་ཀྱི་ཚོགས་ཆེན་ཐེངས་ ༣༣ པ་དེའི་ཐོག་“ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ས་ཁུལ་མཉམ་དུ་གོང་འཕེལ་གཏོང་རྒྱུ་” “Building an Asia-Pacific Community to Prosper Together.” ཞེས་པའི་བརྗོད་གཞིའི་ཐོག་གྲོས་བསྡུར་གནང་གི་ཡོད་ལ། ཨ་རིའི་ཕྱོགས་ནས་ཕྱི་སྲིད་དྲུང་ཆེ་མཱར་ཀོ་རུ་བྷི་ཡོ་མཆོག་ཀྱང་སྲིད་འཛིན་ཊམཔ་དང་ལྷན་རྒྱ་ནག་ཏུ་ཚོགས་བཅར་གནང་གི་འདུག
ཚོགས་འདུའི་གྲུབ་ཆ།
ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་གྱི་དཔལ་འབྱོར་མཉམ་ལས་ (APEC) ཀྱི་ཚོགས་འདུ་ནི་ཨ་རི་དང་། རྒྱ་ནག ཉི་ཧོང་། ར་ཤི་ཡ། དེ་བཞིན་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་རྒྱལ་ཁབ་བཅས་དཔལ་འབྱོར་མཉམ་ལས་ཀྱི་ཚོགས་མི་སྟེ་ཡུལ་ལུང་ ༢༡ མཉམ་དུ་ཚོང་དོན་དང་། མ་འཛུགས་སོགས་ཀྱི་ཐད་གྲོས་བསྡུར་གནང་གི་ཡོད་པ་རེད།
སྲིད་འཛིན་ཊམཔ་དང་ཞི་ཅིན་ཕིང་གི་དབར་ད་རེས་ཀྱི་མཇལ་མོལ་འདི་ནི་ལོ་འདིའི་ཐེངས་གསུམ་པ་དེ་ཆགས་རྒྱུ་དང་། འདི་ལོའི་ཕྱི་ཟླ་ ༡༢ ནང་ཨ་རིའི་ཧྥོལོ་རི་ཌ་མངའ་སྡེའི་མིཡཱ་མི་གྲོང་ཁྱེར་དུ་འཚོགས་རྒྱུའི་དཔལ་འབྱོར་ཡར་ཐོན་གྱི་རྒྱལ་ཁབ་ཉི་ཤུའི་ཚོགས་ཆེན་ G20 ཐོག་སླར་ཡང་མཇལ་འཕྲད་གནང་སྲིད་པར་གྱུར་ཡོད་པ་རེད།།
བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།
འབྲེལ་ཡོད་གནས་ཚུལ།
ཨ་རིར་རྒྱལ་དོན་ལྟ་སྐོར་ཟིན་རྗེས་ཞི་ཅིན་ཕིང་རྒྱ་ནག་ལ་ཕྱིར་ལོག
“བོད་ནང་རྒྱ་སྒྱུར་གྱི་སྲིད་བྱུས་མཚམས་འཇོག་བྱ་དགོས།”
ཞི་ཅིང་ཕིང་ཨ་རིར་འབྱོར་སྐབས་ཨ་རིའི་སྲིད་འཛིན་ནས་གནམ་ཐང་ལ་ཕེབས་བསུ།
ཞི་ཅིན་ཕིང་ལ་གཞུང་འབྲེལ་གྱི་སྣེ་ལེན་དང་དམངས་ཁྲོད་ཀྱི་ངོ་རྒོལ།
བོད་མི་གཞོན་སྐྱེས་ཤིག་གིས་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།
སྲིད་འཛིན་ཊམཔ་དང་ཞི་ཅིན་ཕིང་གི་མཇལ་མོལ་སྐབས་བོད་ཀྱི་གནད་དོན་གླེང་པའི་རེ་སྐུལ་གནང་པ།
༧པཎ་ཆེན་རིན་པོ་ཆེ་གློད་དགོས་ཞེས་ཞིའི་ཕྱོཊ་སྐྱོད་གོང་ཨ་རིས་དགོས་འདུན་བཏོན་པ།
ཨ་རི་དང་རྒྱ་ནག་གི་འབྲེལ་བའི་ཁྲོད་ཀྱི་བོད།
“ཊམཔ་དང་ཞིའི་དབར་གྲོས་མོལ་སྐབས་བོད་ནང་གི་ཆོས་དད་རང་དབང་ཐད་གླེང་བའི་གོ་སྐབས་ཡོད།"
