“བོད་ནང་རྒྱ་སྒྱུར་གྱི་སྲིད་བྱུས་མཚམས་འཇོག་བྱ་དགོས།”

ཨ་རིའི་སྲིད་འཛིན་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་མཇལ་མོལ་སྐབས། བོད་མི་བརྒྱ་ཕྲག་མང་པོས་ངོ་རྒོལ་དང་སློབ་ཕྲུག་ཚོགས་པས་གློ་བུར་གྱི་འཕྲེད་དར་ཕྱར་ཏེ་ལས་འགུལ་སྤེལ་སོང་།

ཕྱི་ཟླ་ ༩ ཚེས་ ༢༤ ཉིན་ཨ་རིའི་སྲིད་འཛིན་དང་རྒྱ་ནག་གི་སྲིད་འཛིན་མཇལ་འཕྲད་ཀྱིས་མིས་བཟོས་རིག་ནུས་སོགས་གནད་དོན་ཁག་གི་ཐོག་གླེང་པའི་སྐབས་དེར་བོད་མི་ཚོས་རྒྱ་ནག་གཞུང་ཚབ་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།

ཞི་ཅིན་ཕིང་དང་སྲིད་འཛིན་ཊམཔ་གཉིས་ཀྱི་དབར་ཕོ་བྲང་དཀར་པོའི་ནང་མཇལ་མོལ་གནང་པའི་དུས་སྐབས་དེར་ཨ་རིའི་ས་གནས་གང་ས་ནས་ཕེབས་པའི་བོད་མི་བརྒྱ་ཕྲག་མང་པོས་རྒྱལ་ས་ཝ་ཤིང་ཊོན་གྱི་རྒྱ་ནག་གཞུང་ཚབ་མདུན་དུ་འདུ་འཛོམས་ཀྱིས་ཨ་རིའི་གྲོས་ཚོགས་ཀྱི་ས་ཚིགས་བར་རྔམ་སྟོན་ངོ་རྒོལ་གནང་སྟེ། ཨ་རིའི་སྲིད་འཛིན་ཊམཔ་གྱིས་ཞི་ཅིན་ཕིང་ལ་བོད་ནང་གི་དངོས་ཡོད་གནས་སྟངས་སྤྱི་དང་བོད་ཐོག་འཛིན་པའི་སྲིད་བྱུས། ལྷག་པར་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་དེའི་ཐད་གླེང་དགོས་པ་དང་། བོད་ནང་གི་བཅའ་སྡོད་སློབ་གྲྭའི་གནས་སྟངས་དང་། བོད་མིའི་ཆོས་དད་རང་དབང་ཚུད་པའི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་ལ་སེམས་འཚབ་ཆེན་པོ་ཡོད་པ་གླེང་སློང་གནང་དགོས་པའི་རེ་སྐུལ་གནང་གི་འདུག

བོད་མི་ཚོས་རྒྱ་ནག་གཞུང་ཚབ་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ། ཨ་རིའི་སྲིད་འཛིན་དང་རྒྱ་ནག་གི་སྲིད་འཛིན་མཇལ་འཕྲད་ཀྱིས་མིས་བཟོས་རིག་ནུས་སོགས་གནད་དོན་ཁག་གི་ཐོག་གླེང་པའི་སྐབས་དེར་བོད་མི་ཚོས་རྒྱ་ནག་གཞུང་ཚབ་ལ་ངོ་རྒོལ་གནང་པ།

དེ་ཡང་བོད་མི་ལས་འགུལ་བ་བསྟན་འཛིན་དངོས་གྲུབ་ལགས་ཀྱིས་གསུངས་དོན་དུ། ཨ་རི་དང་རྒྱ་ནག་གཉིས་ཀྱི་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འབྲེལ་བ་དང་། ཚོང་དོན་གྱི་འབྲེལ་བ་བཅས་ལ་གཞིགས་དགོས་པར་བརྟེན་ཨ་རིའི་སྲིད་འཛིན་ཌོ་ནལཌ་ཊམཔ་ལ་མཛད་དཀའ་ཡོད་ཀྱང་ང་ཚོ་བོད་མིའི་རེ་འདུན་ལྟར་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་ཟེར་བའི་ཁྲིམས་དེ་ཕྱིར་འཐེན་བྱེད་དགོས་པར་རྒྱབ་སྐྱོར་ཤུགས་ཆེ་གནང་དགོས་པ་དེ་གལ་ཆེན་པོ་རེད་ལ་རེ་བ་ཡང་ཡོད་དྲན་གྱི་འདུག ཨ་རིའི་གཞུང་འཛིན་ནང་ཕྱི་སྲིད་དྲུང་ཆེ་མརྐོ་རུ་བྷི་ཡོ་ཁོང་ལ་མཚོན་ན་སྔར་བོད་དོན་ཐོག་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་གི་ཡོད་པ་ལྟར། བསམ་བློའི་དཔྱད་གཞིའི་ནང་ཡོད་པའི་རེ་བ་ཡོད་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཡང་བོད་མི་རང་སྲེག་གནང་མཁན་བློ་དགའ་རང་བཙན་ལགས་ཀྱི་ཚ་མོ་བསོད་ནམས་ཆོས་སྒྲོན་ལགས་ཀྱིས་གསུངས་དོན་དུ། ཁོང་རྒྱལ་ཁབ་གཅིག་གི་སྲིད་འཛིན་ཡིན་པས་སོ་སོའི་རྒྱལ་ཁབ་ཀྱི་ཁེ་ཕན་དེ་དང་པོར་འཇོག་རྒྱུ་ཡིན་ཡང་། ང་ཚོས་རང་ནུས་གང་ཐུབ་ཀྱིས་རེ་བ་བཏོན་ཏེ་རེ་བ་བཟང་ས་ནས་བརྒྱབ་བསྡད་ཡོད་ཅེས་དང་། ཡང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ། ཁྱེད་རང་མི་ཞིག་ཡིན་པའི་འདུ་ཤེས་ཡོད་ན་ང་ཚོ་བོད་ཙམ་མ་ཟད། ཡུ་གུར་དང་ཧོང་ཀོང་བཅས་ཀྱི་མི་མང་གིས་མྱོང་བཞིན་པའི་སྡུག་བསྔལ་ལ་ལྟོས་དང་། སྨྲ་ཤེས་དོན་གོ་བའི་མིའི་མཚན་ཉིད་ཚང་པ་ཞིག་བྱེད་རོགས་ཞེས་འབོད་སྐུལ་གནང་གི་ཡོད་ཅེས་བརྗོད་སོང་།

ཆེས་མཐོའི་གྲོས་མོལ་སྐབས་བོད་མི་བརྒྱ་ཕྲག་མང་པོས་ཨ་རིའི་རྒྱལ་སར་རྔམ་སྟོན་ལས་འགུལ་སྤེལ་བ། བོད་མི་ཚོས་བོད་ནང་གི་རྒྱ་ནག་གི་སྲིད་བྱུས་ཐད་སེམས་འཚབ་དང་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་ལ་ངོ་རྒོལ་ཡོད་པ་གསུངས་བྱུང་།

བོད་མི་རྒན་གྲས་བསོད་ནམས་དབང་འདུས་ལགས་ཀྱིས་གསུངས་དོན་དུ། དངོས་འབྲེལ་བྱས་ན་ཨ་རིར་འགན་འཁུར་ཞིག་ཡོད་པ་རེད། གང་ལ་ཞེ་ན་དམག་ཆེན་གཉིས་པའི་སྐབས་སུ་ཨ་རིའི་སྐུ་ཚབ་ཊོལས་ཊོཡི་ (Tolstoy) བོད་ནང་ཕེབས་མྱོང་ཡོད། ཁོང་ངས་ངོ་ཤེས་ཀྱི་ཡོད། ང་ཚོ་འབྲེལ་བ་ཞེ་དྲགས་ཡག་པོ་ཡོད། ཁོང་གིས་གསུངས་མྱོང་ཡོད། ང་བོད་ལ་འགྲོ་དུས་བོད་པས་རོགས་བྱེད་པ་འདི་ཆ་ཤས་ཤིག་གཞུང་གིས་བྱེད་ཐུབ་རྒྱུ་ཡོད་ཀྱང་བྱས་མ་སོང་། དེར་བློ་ཕམ་ཡོད་ཅེས་གསུངས་མྱོང་ཡོད་པས་དེ་ག་རང་རེད་འདུག་ཅེས་དང་། བོད་མི་ཚོས་གང་ཡོང་ཅི་ཡོང་གནང་ཡོད་རེད། བློ་དགའ་རང་བཙན་ལགས་ཀྱིས་སྐུ་ལུས་མེར་བསྲེགས་ཕུལ་བ་འདི་ང་ཚོར་མིག་འབྱེད་སོང་པ། འདི་ང་ཚོས་མུ་མཐུད་ནས་ངའི་མི་རབས་འདི་རྫོགས་འགྲོ་གི་ཡོད་དུས་སེམས་ཤུགས་དང་ཡིད་ཆེས་འདི་དག་སྔར་ལྟར་ཉར་ཐུབ་ཡོད་པ་རེད། བྱས་ཙང་ང་ཚོའི་གཞོན་སྐྱེས་ཚོས་མུ་མཐུད་ཉར་ཏེ་ཕྱག་ལས་གནང་དགོས་ཡག་འདི་ཤིན་ཏུ་བོད་མི་གཞོན་སྐྱེས་བསྟན་འཛིན་ཀུན་གསལ་ལགས་ཀྱིས། བོད་ནང་དུ་བོད་ཕྲུག་མང་པོ་རང་གི་ནང་མི་དང་ཁ་བྲལ་བྱེད་པ་འདི་ཡག་པོ་མ་རེད། ང་ཚོར་རང་དབང་དགོས་འདུག་ཅེས་བརྗོད་བྱུང་།

ཡང་ཚེ་རིང་བདེ་སྐྱིད་ལགས་ཀྱིས། བོད་མི་ཚོར་སྐད་ཡིག་དང་ཆོས་དད་ཀྱི་རང་དབང་མེད་སྟབས་འདི་དག་དགོས་པའི་འབོད་སྐུལ་ཞུ་གི་ཡོད་ཅེས་དང་། གཉིས་པར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་འདི་ཛ་དྲག་དང་གནས་འགག་ཅིག་ལ་ཐུག་ཡོད་དུས་ད་བར་ང་ཚོས་ལས་འགུལ་སྤེལ་ཏེ་རེ་བ་བརྒྱབ་དང་རྒྱག་བཞིན་པ་རེད་ལ་འདིའི་ཐད་འབོད་སྐུལ་ཞུ་གི་ཡོད་ཅེས་གསུངས་བྱུང་།

“བོད་ནང་རྒྱ་སྒྱུར་གྱི་སྲིད་བྱུས་མཚམས་འཇོག་བྱ་དགོས།”

བོད་མི་བརྒྱ་ཕྲག་མང་པོས་མཉམ་ཞུགས་གནང་པའི་ལས་འགུལ་དེའི་སྐབས། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་ཟུར་དང་གྲོས་ཚོཊ་འཐུས་མི་ལྕམ་ནེན་སི་པེ་ལོ་སི་མཆོག་གིས་མཉམ་ཞུགས་གནང་སྟེ། བོད་ནང་རྒྱ་སྒྱུར་གྱི་སྲིད་བྱུས་འདི་མཚམས་འཇོག་བྱེད་དགོས་པའི་དགོས་འདུན་བཏོན་སོང་།

"བོད་ནང་རྒྱ་སྒྱུར་གྱི་སྲིད་བྱུས་མཚམས་འཇོག་བྱེད་དགོས།" "བོད་ནང་རྒྱ་སྒྱུར་གྱི་སྲིད་བྱུས་མཚམས་འཇོག་བྱེད་དགོས།"ཞེས་ལྕམ་ནེན་སི་པེ་ལོ་སི་མཆོག་གིས་ཞི་དང་ཊམཔ་གྱི་མཇལ་མོལ་གནང་བཞིན་པའི་སྐབས་གསུངས་སོང་།

དེ་ཡང་ལྕམ་ནེན་སི་པེ་ལོ་སི་མཆོག་གིས་གསུངས་དོན་དུ། ཞི་ཅིན་ཕིང་དེ་སྔ་འདིར་བསྐྱོད་ཐེངས་མཐའ་མར་གྲོས་ཚོགས་འཐུས་མི་ཕཡེནས་ཊེན་དང་ང་གཉིས་ཁོང་གི་སར་ཕྱིན་ཏེ་བོད་ནང་ཁྱེད་ཀྱི་བྱ་འགུལ་ཁག་ལ་སེམས་འཚབ་ཡོད་བརྗོད་པ་ཡིན། ཁོང་གིས། ཁྱེད་ཀྱིས་ག་རེ་གསུང་གི་ཡོད། མཁྱེན་གྱི་མི་འདུག བོད་ནང་བསྐྱོད་མྱོང་མེད་པ། ཁྱེད་རང་བོད་ནང་བསྐྱོད་ནས་ང་ཚོས་ཡར་རྒྱས་ཇི་བཏང་ཡོངས་སུ་ལྟ་དགོས་པ་རེད་བརྗོད་བྱུང་། ངས་ཞུས་ཡིན། ལོ་ ༢༥ རིང་བོད་དུ་བསྐྱོད་པའི་ཐོངས་མཆན་ཞུས་ཡིན། ད་བར་བསྐྱོད་ཐུབ་མ་བྱུང་། བྱས་ན་ང་ཚོར་མགྲོན་འབོད་གནང་རེད་དམ་ཞུས་པ་ཡིན་ཞེས་གསུངས་སོང་། ཁོང་གིས་ད་དུང་། ༧གོང་ས་མཆོག་ནི་སྐྱེས་བུ་ཧ་ཅང་ཐུགས་བརྩེ་ཆེན་པོ་དང་ཆོས་པ་ངོ་མཚར་ཅན་རེད། ཁོང་གི་བཀའ་སློབ་ལ་གསོན་དང་། དེབ་ཀློག་སྟེ་འགྲོ་བ་མི་ཚང་མ་མཉམ་ཁྲིད་ཀྱི་དགོངས་གཞི་དེ་རྟོགས་དགོས་པ་རེད། སྐབས་རེ་ང་ཚོས་རྒྱ་ནག་ནང་གི་གནས་སྟངས་ཐད་ཁོང་ཁྲོ་ལངས་དུས་༧གོང་ས་མཆོག་གི་བཀའ་དགོངས་འོག་བསྐྱོད་དགོས། ག་རེ་བྱས་ཀྱང་ང་ཚོས་དགོས་འདུན་འདོན་དགོས། ནན་ཏན་བྱེད་དགོས། ཆོས་དང་། སྐད། དད་དམ། སྤྱི་ཚོགས་ཀྱི་ལྟ་ཚུལ་བཅས་ཀྱི་ཐད་བོད་ནང་གུས་བརྩི་དགོས་པ་རེད། བོད་ནང་རྒྱ་སྒྱུར་གྱི་ཐབས་ལམ་འདི་བཀག་དགོས་རེད་ཅེས་གསུངས་སོང་།

“ཞི་ཅིན་ཕིང་ཕྱིར་ལོག་མ་བྱེད་བར་དུ་ངོ་རྒོལ་བྱེད་ཀྱི་ཡིན།”

ཞི་ཅིན་ཕིང་ཕྱིར་ལོག་མ་བྱེད་བར་དུ་ང་ཚོས་ངོ་རྒོལ་མཚམས་འཇོག་བྱེད་ཀྱི་མིན་ཞེས་སློབ་ཕྲུག་ལས་འགུལ་བས་ཕོ་བྲང་དཀར་པོའི་ཉེ་འགྲམ་དུ་ཞི་རྒོལ་བྱས་སྐབས་བརྗོད་བྱུང་།

ཞི་ཅིན་ཕིང་ལ་གསོལ་སྟོན་སྐབས་ངོ་རྒོལ། ཞི་ཅིན་ཕིང་ཕྱིར་ལོག་མ་བྱེད་བར་དུ་ང་ཚོས་ངོ་རྒོལ་མཚམས་འཇོག་བྱེད་ཀྱི་མིན་ཞེས་སློབ་ཕྲུག་ལས་འགུལ་བས་ཕོ་བྲང་དཀར་པོའི་ཉེ་འགྲམ་དུ་ཞི་རྒོལ་བྱས་སྐབས་བརྗོད་བྱུང་།

དེ་ཡང་ཨ་རིའི་སྲིད་འཛིན་ཊམཔ་གྱིས་རྒྱ་ནག་གི་སྲིད་འཛིན་ཞི་ལ་དགོང་དྲོའི་གསོལ་སྟོན་གནང་བཞིན་པའི་སྐབས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་ཕོ་བྲང་དཀར་པོའི་ཉེ་འཁྲིས་སུ་འཕྲེད་དར་ཕྱར་ཏེ་ཞི་ཅིན་ཕིང་ཁྱེད་ཀྱི་དབང་ཆ་མེད་པར་གྱུར་ངེས་རེད། བོད་ལ་རང་དབང་སྤྲོད་དགོས་ཞེས་པའི་འཕྲེད་དར་ཕྱར་ཏེ་ངོ་རྒོལ་གནང་སོང་ལ། སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་བསྟན་འཛིན་སྨིན་ལེགས་ལགས་ཀྱིས་ཞི་ཅིན་ཕིང་ཕྱིར་ལོག་མ་བྱེད་ཀྱི་བར་ངོ་རྒོལ་མཇུག་འདེད་བྱེད་ཀྱི་ཡིན་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།ཕྱི་ཟླ་ ༩ ཚེས་ ༢༤ ཉིན་གྱི་སྔ་དྲོ་ཨ་རིའི་ཕོ་བྲང་དཀར་པོའི་ནང་རྒྱ་ནག་གི་སྲིད་འཛིན་ལ་རྒྱལ་དོན་འཚམས་གཟིགས་སུ་སྣེ་ལེན་གནང་ཡོད་ཅིང་། ཕྱོགས་གཉིས་ཀྱི་དབར་ལ་ཚོང་དོན་མཉམ་ལས་དང་། ཚན་རིག་ལག་རྩལ། བདེ་འཇགས། མིས་བཟོས་རིག་ནུས་ཀྱི་གནད་དོན་ཐད་ལ་གྲོས་མོལ་གནང་ཡོད་པ་ངོ་སྤྲོད་གནང་འདུག་ལ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ཨ་རི་དང་རྒྱ་ནག་གཉིས་པོ་མིས་བཟོས་རིག་ནུས་ཀྱི་ཚན་རྩལ་འཕེལ་རྒྱས་གཏོང་མཁན་རྒྱལ་ཁབ་གཙོ་བོ་གྲས་ཆགས་ཀྱི་ཡོད་སྟབས། མིས་བཟོས་རིག་ནུས་འདི་འགྲོ་བ་མིའི་ཐོག་ལ་ཕན་ཐོགས་སྐྲུན་ཐུབ་རྒྱུ་དང་མིས་ཚོད་འཛིན་འོག་ཏུ་འཇོག་ཐུབ་པ་དགོས་རྒྱུའི་འགན་འཁྲི་ཡོད་པ་འགྲེལ་བརྗོད་གནང་འདུག་ལ། གལ་ཆེན་པོ་འདུག་ཅེས་གསུངས་བྱུང་།།

ཁ་སྣོན་གསར་འགོད་དང་བརྙན་ཐུང་སྒྲིག་སྦྱོར་བ། བཀྲ་དབང་།

པར་ལེན་དང་བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།

འབྲེལ་ཡོད་གནས་ཚུལ།

ཞི་ཅིང་ཕིང་ཨ་རིར་འབྱོར་སྐབས་ཨ་རིའི་སྲིད་འཛིན་ནས་གནམ་ཐང་ལ་ཕེབས་བསུ།

ཞི་ཅིན་ཕིང་ལ་གཞུང་འབྲེལ་གྱི་སྣེ་ལེན་དང་དམངས་ཁྲོད་ཀྱི་ངོ་རྒོལ།

བོད་མི་གཞོན་སྐྱེས་ཤིག་གིས་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།

སྲིད་འཛིན་ཊམཔ་དང་ཞི་ཅིན་ཕིང་གི་མཇལ་མོལ་སྐབས་བོད་ཀྱི་གནད་དོན་གླེང་པའི་རེ་སྐུལ་གནང་པ།

༧པཎ་ཆེན་རིན་པོ་ཆེ་གློད་དགོས་ཞེས་ཞིའི་ཕྱོཊ་སྐྱོད་གོང་ཨ་རིས་དགོས་འདུན་བཏོན་པ།

ཨ་རི་དང་རྒྱ་ནག་གི་འབྲེལ་བའི་ཁྲོད་ཀྱི་བོད།