ཨིསི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མི་བཞི་དང་ཆེད་ལས་མཁས་པ་མི་སྣ་ ༡༠ ལས་གྲུབ་པའི་སྐུ་ཚབ་ཚོགས་པ་ཞིག་བཞུགས་སྒར་རྡ་རམ་ས་ལར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་བར་བཅར་ཏེ། བོད་དོན་ལ་རྒྱབ་སྐྱོར་ཡོད་པ་ནན་བརྗོད་གནང་པ་དང་འཐབ་རྩོད་ཀྱི་སེམས་ཤུགས་མུ་མཐུད་གནས་དགོས་གལ་ཆེ་བ། ཕན་ཚུན་མཉམ་ལས་ཀྱི་ནུས་པ་གོང་མཐོར་གཏོང་དགོས་པ་བཅས་གསུང་གི་འདུག
ད་རེས་བཞུགས་སྒར་དུ་བཅར་མཁན་ཨིསི་ཊོ་ནི་ཡའི་གྲོས་ཚོགས་འཐུས་མི་བཞི་པོ་ནི། ཊུ་མཱསི་ ཨུའི་བྷོ་(Toomas Uibo) ལགས་དང་། གྷིརི་གྷོ་རེ་ཀཱ་ལེབ་ སིཊོའི་ཅེས་ཀུ་ (Grigore-Kalev Stoicescu) གྷི་རི་ཀ་ལེ་ཝ་སི་ཊོ་ཡི་སི་ཀུ་ལགས། ཊིཏ་མཱ་རཱན་(Tiit Maran) ལགས། ཀ་དྲི་ ཊ་ལི་ (Kadri Tali)ལགས་བཅས་ཡིན་པ་རེད།
དེ་ཡང་གྲོས་ཚོགས་འཐུས་མི་གྷིརི་གྷོ་རེ་ཀཱ་ལེབ་ སིཊོའི་ཅེས་ཀུ་ (Grigore-Kalev Stoicescu) གྷི་རི་ཀ་ལེ་ཝ་སི་ཊོ་ཡི་སི་ཀུ་ལགས་ཀྱིས། སེམས་ཤུགས་ནམ་ཡང་མ་ཆག ང་ཚོའི་མི་མང་དང་རྒྱལ་ཁབ་ཀྱང་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་བཙན་བཟུང་བྱས་མྱོང་ཡོད་པའི་སྐབས་འདིར་ང་ཚོས་རེ་བ་བསྐྱུར་མེད། བསོད་ནམས་ཕྲན་བུ་བྱུང་སྟེ་ང་ཚོས་རྒྱལ་ཁབ་ཀྱི་རང་བཙན་བསྐྱར་གསོ་ཐུབ་པ་བྱུང་། དེ་ལྟ་བུ་ངས་བོད་ལའང་བྱུང་བའི་རེ་བ་ཆེན་པོ་བྱེད་བཞིན་ཡོད། ཁྱེད་རང་ཚོ་བོད་དུ་ཕྱིར་ལོག་གིས་རྒྱལ་ཁབ་སླར་གསོ་ཐུབ་ཀྱི་རེད། སྙིང་སྟོབས་ཆེ་ཙམ་བྱས་ནས་སེམས་ཤུགས་ཆེ་བསྐྱེད་ཀྱིས་རང་ཀྱི་སྐད་དང་རིག་གཞུང་ཉར་ཚགས་བྱེད་དགོས། དེ་ནི་གནད་འགག་ཆེ་ཤོས་རེད། གལ་ཏེ་རིག་གཞུང་དང་སྐད་ཡིག་བུ་ཕྲུག་རྣམས་ལ་སློབ་ཚེ། མ་འོངས་པར་ལམ་ལྷོང་ཡོང་ངེས་རེད་ཅེས་གསུང་གི་འདུག་ལ། གྲོས་ཚོགས་འཐུས་མི་ཊིཏ་མཱ་རཱན་ (Tiit Maran) ལགས་ཀྱིས། ད་ཆ་ཆེས་མུན་ནག་གི་དུས་སྐབས་ཤིག་ཡིན་ནའང་། དུས་ཚོད་དེ་ཉིད་འགྱུར་བ་ག་དུས་འགྲོ་མིན་ཤེས་རྟོགས་དཀའ་བས་དེར་དཔག་པའི་གྲ་སྒྲིག་བྱ་དགོས། ད་རེས་༧གོང་ས་མཆོག་བཞིན་མི་མང་ལ་སྒྲོན་མེ་ལྟ་བུའི་ལམ་སྟོན་མཛད་དེ། རང་དབང་ལྡན་པའི་རྒྱལ་ཁབ་བསྐྱར་སྐྲུན་ཐུབ་ཆེད་གང་ཐུབ་ཅི་ཐུབ་གནང་མཁན་ཁོང་མཇལ་ཆེད་བཅར་བ་ཡིན་ཞེས་གསུང་གི་འདུག ཡང་གྲོས་ཚོགས་འཐུས་མི་ཀ་དྲི་ ཊ་ལི་ (Kadri Tali) ལགས་ཀྱིས། ཨིསི་ཊོ་ནི་ཡ་མི་མང་ཚང་མས་བོད་མི་རྣམས་ཀྱིས་རང་དབང་གི་ཆེད་དུ་མི་རིགས་ཀྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་བྱེད་བཞིན་པར། དེ་སྔ་ང་ཚོར་རང་བཙན་འཐབ་རྩོད་བྱེད་སྐབས་ཀྱི་གནས་སྟངས་དང་བསམ་གཞིགས་བྱུང་སྟེ། བོད་དང་ཧ་ཅང་སེམས་ཐག་ཉེ་པོ་ཡོད་པ་ཚོར་གྱི་ཡོད། དེར་བརྟེན་དེ་རིང་༧གོང་ས་མཆོག་གི་མཇལ་ཁ་ཐོབ་པར་དགའ་པོ་བྱུང་ཞེས་གསུང་གི་འདུག

གྲོས་ཚོགས་འཐུས་མི་ཁོང་རྣམས་ཀྱིས་མཇལ་ཁའི་སྐབས་༧གོང་ས་མཆོག་ལ་ཕྱག་རྟགས་སུ་ཕྱག་ཚོད་དང་། ཨིསི་ཊོ་ནི་ཡ་དང་འབྲེལ་བའི་ཕྱག་དེབ། སྦྲང་རྩི་སོགས་སྣ་མང་འབུལ་ལམ་ཞུས་འདུག
ད་རེས་གྲོས་ཚོགས་འཐུས་མི་ཁོང་རྣམས་དང་ལྷན་དུ་བཞུགས་སྒར་རྡ་རམ་ས་ལར་བཅར་མཁན་ཨིསི་ཊོ་ནི་ཡའི་ཆེད་ལས་མཁས་པ་རྣམས་ཀྱིས། བོད་དང་ཨིསི་ཊོ་ནི་ཡའི་དབར་གྱི་འབྲེལ་བར་བསམ་གཞིགས་ཀྱིས་གྲངས་ཉུང་མི་རིགས་རྣམས་ནས་མཉམ་ལས་དགོས་གལ་ཆེ་བ་གསུང་གི་འདུག

དེ་ཡང་ཨིསི་ཊོ་ནི་ཡའི་ནང་སྲོལ་རྒྱུན་རིག་གཞུང་སྲུང་སྐྱོབ་ཐད་ཕྱག་ལས་གནང་བཞིན་པ་ (Mare Mätas) མཱ་རེ་མཱ་ཏས་ལགས་ཀྱིས། ང་ཚོ་དང་བོད་དབར་རྒྱལ་ཁབ་ཆུང་ཆུང་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་རིག་གཞུང་རྒྱུན་འཛིན་བྱེད་པའི་བསམ་བློ་དང་རེ་བ་གཅིག་མཚུངས་ཡིན་པར་བརྟེན། ཁྱེད་ཚོར་རྒྱབ་སྐྱོར་གང་ཐུབ་བྱེད་ཆེད་དུ་ཡོང་བ་ཡིན་ཞེས་དང་། སྒྱུ་རྩལ་བ་ (Evar Riitsaar) ཨི་ལྦར་རི་ཚར་ལགས་ཀྱིས། ང་ཚོའི་མཉམ་ལས་དེར་རེ་བ་ཆེན་པོ་ཡོད། དེས་རྒྱལ་ཁབ་ཆུང་ཆུང་རྣམས་ཀྱི་སྲོལ་རྒྱུན་རིག་གནས་སོགས་ཀྱིས་མ་འོངས་པར་རེ་བ་དང་སྤོབས་པ་སྤྲོད་ཀྱི་ཡོད་ཅེས་དང་། ཚན་རིག་པའི་སློབ་སྦྱོང་གནང་བཞིན་ཡོད་པའི་ (Rando Künnapuu) རན་ཌོ་ཀུན་ན་པུ་ལགས་ཀྱིས། ངས་ལྷ་ས་ནས་ཁུན་མིང་བར་གྱི་རི་ལིའི་ལྕགས་ལམ་ལ་ཞིབ་འཇུག་བྱེད་བཞིན་ཡོད་ལ། ངས་ཆུང་དུས་༧གོང་ས་མཆོག་གི་ཕྱག་དེབ་མང་པོ་བཀླགས་མྱོང་ཡོད། ནང་ཆོས་ཉར་ཚགས་བྱ་རྒྱུ་གལ་ཆེན་པོ་མཐོང་གི་འདུག དེ་བཞིན་གྲངས་ཉུང་མི་རིགས་རྣམས་ཆིག་སྒྲིལ་དགོས་གལ་ཆེན་པོ་རེད་ཅེས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།

རྩ་བའི་འདས་པའི་ལོ་ཤས་ནས་ཨིསི་ཊོ་ནི་ཡའི་ (Estonia)གྲོས་ཚོགས་འཐུས་མི་མང་དག་ཅིག་འཆར་ཅན་བཞུགས་སྒར་རྡ་རམ་ས་ལར་བཅར་ཏེ། ༧གོང་ས་མཆོག་གི་མཇལ་ཁ་ཞུས་པ་དང་། གཞུང་འབྲེལ་མཛད་སྒོ་ཁག་ལ་སྐུ་མགྲོན་དུ་མཉམ་ཞུགས་ཀྱིས། བོད་དོན་རྒྱབ་སྐྱོར་གནང་རྒྱུའི་དམ་བཅའ་བརྟན་པོ་ཡོད་པ་བསྐྱར་ནན་སོགས་གནང་གི་ཡོད་པ་རེད་ལ། འདི་ལོར་རྒྱ་ནག་གཞུང་གིས་བོད་ནང་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ལག་བསྟར་བྱེད་འགོ་བཙུགས་པའི་སྐབས་སུ་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་མང་དག་ཅིག་གིས་དེར་ངོ་རྒོལ་དང་སྐྱོན་བརྗོད་གནང་ཡོད་པའི་སྐབས་འདིར། ཟླ་བ་ ༧ ཚེས་ ༦ ཉིན་ཨིསི་ཊོ་ནི་ཡའི་ (Estonia) གྲོས་ཚོགས་འཐུས་མི་ལྔ་བཅུས་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་དེ་ནི་བོད་མིའི་ངོ་བོ་རྩ་མེད་བཟོ་བའི་ཁྲིམས་ཤིག་རེད་ཅེས་པའི་སྐྱོན་བརྗོད་ཀྱི་ཡི་གེ་ཞིག་རྒྱ་ནག་གཞུང་ཚབ་ཁང་ལ་བཏང་ཡོད་པ་རེད།
ཨིས་ཊོ་ནི་ཡའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཇུ་ཀུ་ཀེལ་རེཌ་ (Juku-Kalle Raid) ལགས་ཀྱིས་སྣེ་ཁྲིད་པའི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཡི་གེ་དེའི་ནང་། རྒྱ་ནག་གཞུང་གིས་གཏན་འབེབས་བྱས་པའི་ཁྲིམས་ཡིག་དེར་གྲོས་ཚོགས་འཐུས་མི་རྣམས་ནས་ངོ་རྒོལ་ཡོད་པའི་གཞུང་འབྲེལ་བརྡ་ལན་སྤྲད་ཐོག ཁྲིམས་ཡིག་དེ་ལག་བསྟར་མཚམས་འཇོག་དང་ཕྱིར་འཐེན་དགོས་པ་གསུངས་འདུག་ལ། རེ་སྐུལ་གྱི་ཚུལ་དུ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་དེའི་ཁྱབ་ཁོངས་ལས་ཁུངས་ཁག་གིས་རྒྱ་ནག་གཞུང་གི་མི་རིགས་གཞན་བསྒྱུར་གྱི་སྲིད་བྱུས་ལ་བསྐྱར་ཞིབ་དང་། རྒྱལ་སྤྱིའི་ཁྲིམས་སྒྲིག་ལག་བསྟར་བརྒྱུད་བྱ་སྤྱོད་དེ་རིགས་བཀག་སྡོམ་བྱ་རྒྱུ། བོད་རྒྱའི་དཀའ་རྙོག་དེ་གྲོས་མོལ་ལམ་ནས་ཞི་འགྲིག་ཡོང་ཐབས་སུ་རྒྱ་ནག་གཞུང་ལ་ཕྱི་འབྲེལ་ཐབས་བྱུས་ཀྱི་ལམ་ནས་གནོན་ཤུགས་སྤྲོད་རྒྱུ་ཙམ་མ་ཟད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་བོད་མིའི་ངོ་བོ་དང་རིག་གཞུང་སྲུང་སྐྱོབ་བྱེད་པའི་ལས་དོན་ལ་རྒྱབ་སྐྱོར་དགོས་པ་སོགས་བཀོད་ཡོད།/
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
