ཊམཔ་ཡིས་ཧྲེན་ཊེན་དུ་ཞི་ཅིན་ཕིང་དང་པུ་ཊིན་ལ་མཇལ་མོལ་གནང་པ།

ཨ་རིའི་སྲིད་འཛིན་ཊམཔ་གྱིས་ཧྲེན་ཊེན་དུ་ཞི་དང་པུ་ཊིན་ལ་མཇལ་འཕྲད་གནང་རྗེས་མཉམ་འབྲེལ་གསལ་བསྒྲགས་དང་ཨ་རི་དང་རྒྱ་ནག་བར་ཚོང་ཟོག་ལ་སྒོ་ཁྲལ་གཅོག་རྒྱུའི་མཐུན་གྲོས་བྱུང་འདུག

ཟླ་ ༡༡ ཚེས་ ༡༩ ཉིན། ཨ་རིའི་སྲིད་འཛིན་ཌོ་ནལཌ་ཊམཔ་ (Donald J. Trump) ཡིས་ཧྲེན་ཊེན་ (Shenzhen) དུ་ APEC ཟེར་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་ཚོགས་འདུའི་ཞོར་དུ་ར་ཤི་ཡའི་སྲིད་འཛིན་པུ་ཊིན་ (Putin) དང་ཟུར་དུ་གྲོས་མོལ་ཐུང་ངུ་ཞིག་གནང་ཡོད་པ་མ་ཟད། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ (Xi Jinping) དང་ཟུར་དུ་མཇལ་འཕྲད་གནང་སྐབས་སྲིད་འཛིན་ཊམཔ་གྱིས་ར་ཤེ་ཡས་ཡུཀ་རེན་ལ་བརྒྱབ་པའི་དམག་འཁྲུག་མཇུག་སྒྲིལ་རྒྱུར་ཨ་རི་དང་རྒྱ་ནག་གཉིས་ཀྱིས་མཉམ་དུ་རོགས་རམ་བྱ་རྒྱུའི་རེ་བ་ཡོད་སྐོར་གསུངས་འདུག་ལ། ཟུར་མཇལ་དེ་གཉིས་ཀྱི་རྗེས་སུ་ཐེངས་དང་པོར་དབུ་ཁྲིད་གསུམ་པོས་ཕྱོགས་གསུམ་གྱི་གྲོས་མོལ་གནང་སྟེ་ཞི་བདེའི་ཐོག་མཉམ་འབྲེལ་གསལ་བསྒྲགས་ཤིག་སྤེལ་ཡོད་ཅིང་། གྲོས་མོལ་མཇུག་བསྒྲིལ་རྗེས་སྲིད་འཛིན་ཊམཔ་ཨ་རིར་ཕྱིར་ལོག་གནང་སྟེ་ད་རེས་ཨེ་ཤེ་ཡའི་ཁུལ་གྱི་འཚམས་གཟིགས་འདི་མཇུག་བསྒྲིལ་གནང་ཡོད་ལ། ཨ་རིའི་སྲིད་འཛིན་ཊམཔ་གྱིས་ཞི་ཅིན་ཕིང་དང་མཇལ་འཕྲད་གནང་པ་འདི་ལོ་ཐེངས་གསུམ་པ་དེ་ཆགས་ཡོད་པ་རེད།

ཨ་རིའི་སྲིད་འཛིན་ཊམཔ་གྱིས་ཧྲེན་ཊེན་དུ་ཞི་དང་པུ་ཊིན་ལ་མཇལ་འཕྲད་གནང་རྗེས་མཉམ་འབྲེལ་གསལ་བསྒྲགས་དང་ཨ་རི་དང་རྒྱ་ནག་བར་ཚོང་ཟོག་ལ་སྒོ་ཁྲལ་གཅོག་རྒྱུའི་མཐུན་གྲོས་བྱུང་འདུག
ཊམཔ་ཡིས་ཧྲེན་ཊེན་དུ་ཞི་ཅིན་ཕིང་དང་པུ་ཊིན་ལ་མཇལ་མོལ་གནང་པ། ༢༠༢༦ ལོའོ་ཟླ་ ༡༡ ཚེས་ ༡༩ ཉིན་ཨ་རི་དང་ར་ཤེ་ཡའི་སྲིད་འཛིན་མཇལ་འཕྲད་སྐབས། (Vyacheslav Prokofyev/via REUTERS)

ཨ་རྒྱའི་གྲོས་མོལ་དང་ཨ་རིའི་ལངས་ཕྱོགས།

སྲིད་འཛིན་ཊམཔ་ཡིས་གྲོས་མོལ་གྱི་འགོ་འཛུགས་གཏམ་བཤད་ནང་ཕྱོགས་སོ་སོས་ཨ་སྒོར་ཐེར་འབུམ་ ༣༠ ཙམ་གྱི་རིན་ཐང་ལྡན་པའི་ཚོང་ཟོག་ལ་སྒོ་ཁྲལ་གཅོག་རྒྱུའི་མཐུན་གྲོས་བྱུང་ཡོད་པ་དང་། ཧོར་མུ་ཛི་ (Hormuz) མཚོ་འགག་བརྒྱུད་ཀྱི་སྐྱེལ་འདྲེན་རྒྱུན་འཁྱོངས་དང་། ཨི་རན་ (Iran) ལ་རྡུལ་ཕྲན་མཚོན་ཆ་འགོག་རྒྱུ་གཉིས་ཨ་རི་དང་རྒྱ་ནག་གི་ཐུན་མོང་གི་ཁེ་ཕན་ཡིན་པ་མ་ཟད། ད་དུང་ཧྥེན་ཊ་ནིལ་ (Fentanyl) དུག་རྫས་ཀྱི་ཉེན་ཁ་དང་ཡུཀ་རེན་གྱི་དམག་འཁྲུག་མཇུག་སྒྲིལ་ཐབས་སྐོར་ཡང་གླེང་འདུག

རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་འགྱུར་ཁང་གི་གནས་ཚུལ་ལ་གཞིགས་ན། ཞི་ཅིན་ཕིང་གིས་ཐེ་ཝན་གྱི་གནད་དོན་ཐོག་ཨ་རིས་འོས་འཚམ་གྱི་བྱ་སྤྱོད་སྤེལ་དགོས་པ་དང་། མིས་བཟོས་རིག་ནུས་ཀྱི་ཉེན་ཁ་འགོག་རྒྱུར་ཕྱོགས་གཉིས་ཀྱིས་མཉམ་ལས་བྱ་དགོས་པ་བརྗོད་འདུག་ལ། ཡང་སྲིད་འཛིན་ཊམཔ་ཡིས་ཐེ་ཝན་ (Taiwan) རང་བཙན་ལ་ཨ་རིས་རྒྱབ་སྐྱོར་མི་བྱེད་པ་བཀོད་ཡོད་ཅིང་། ཕྱོགས་གཉིས་ཀྱིས་ཨ་རི་དང་རྒྱ་ནག་གི་འབྲེལ་བ་བརྟན་པོ་ཡོང་ཆེད་བྱ་སྤྱོད་འཛིན་ཕྱོགས་ཀྱི་འཆར་གཞི་ཞིག་བཟོ་རྒྱུར་མོས་མཐུན་བྱུང་སྐོར་གནས་ཚུལ་ནང་བཀོད་འདུག

ཨ་རིའི་སྲིད་འཛིན་ཊམཔ་གྱིས་ཧྲེན་ཊེན་དུ་ཞི་དང་པུ་ཊིན་ལ་མཇལ་འཕྲད་གནང་རྗེས་མཉམ་འབྲེལ་གསལ་བསྒྲགས་དང་ཨ་རི་དང་རྒྱ་ནག་བར་ཚོང་ཟོག་ལ་སྒོ་ཁྲལ་གཅོག་རྒྱུའི་མཐུན་གྲོས་བྱུང་འདུག
ཊམཔ་ཡིས་ཧྲེན་ཊེན་དུ་ཞི་ཅིན་ཕིང་དང་པུ་ཊིན་ལ་མཇལ་མོལ་གནང་པ། ༢༠༢༦ ལོའི་ཟླ་ ༡༡ ཚེས་ ༡༩ ཉིན་ཨ་རི་དང་རྒྱ་ནག་གི་སྲིད་འཛིན་མཇལ་འཕྲད་སྐབས། (Doug Mills/via REUTERS)

བོད་དོན་དང་ཆོས་དད་རང་མོས།

ད་རེས་ཨ་རི་དང་རྒྱ་ནག་གི་དཔོན་རིགས་བར་གྱི་མཇལ་འཕྲད་ཁྲོད་ཡོངས་ཁྱབ་ཀྱི་བོད་དོན་དང་། འགྲོ་བ་མིའི་ཐོབ་ཐང་། ཆོས་དད་རང་མོས་སོགས་ཀྱི་སྐོར་གླེང་ཡོད་པ་གསལ་མི་འདུག་ལ། ཨ་རིའི་ཕོ་བྲང་དཀར་པོས་ཨ་རི་དང་རྒྱ་ནག་ཕྱོགས་གཉིས་གྲོས་མོལ་གྱི་གནས་བསྡུས་ལོགས་སུ་བཏོན་པ་ཡང་མི་འདུག

བྷུ་རུ་ཁིངསི་ (Brookings Institute) ཞིབ་འཇུག་ཁང་གི་ཞིབ་འཇུག་པ་རྒན་པ་ (Senior Fellow) པེ་ཊྲི་ཤ་ཀིམ་ (Patricia M. Kim) ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ཡིག་ཐོག་ནས་ཕྱི་ཚེས་ ༡༩ ཉིན་ལན་འདེབས་གནང་པའི་ནང་། “འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་སྐོར་གླེང་མིན་ཨ་རི་ཕྱོགས་ཀྱི་གཞུང་འབྲེལ་གནས་བསྡུས་ནང་ད་དུང་མཐོང་རྒྱུ་མེད་ནའང་སྲིད་འཛིན་ཊམཔ་གཞུང་གིས་ཨ་རི་དང་རྒྱ་ནག་གི་འབྲེལ་བའི་ནང་འགྲོ་བ་མིའི་ཐོབ་ཐང་ལ་སྔོན་ལྟར་གཙོ་གནད་ལ་མི་བརྩི་བར་ཚོང་དོན་དང་ཚོང་ལས་ཀྱི་ཁེ་ཕན་ལ་དམིགས་ཡོད་པ་རེད་”ཅེས་དང་། ཨ་རིའི་རྒྱལ་ཁབ་བདེ་སྲུང་གི་ཐབས་བྱུས་ནང་རྒྱལ་ཁབ་གཞན་ལ་དམངས་གཙོའི་འགྱུར་བའམ་སྤྱི་ཚོགས་ཀྱི་འགྱུར་བ་གཞན་ལ་བཙན་གྱིས་མི་བཀལ་བའི་ལངས་ཕྱོགས་བཀོད་ཡོད་པ་དེ་དཔེར་བཞག་ཡོད་ཅིང་། ཁོང་གིས་འགྲོ་བ་མིའི་ཐོབ་ཐང་དང་པེ་ཅིང་གིས་དྭང་ལེན་མི་བྱེད་པའི་གནད་དོན་གཞན་རྣམས་ཟུར་དུ་བཞག་པ་དེས། ཨ་རིར་ཚོང་དོན་ཐོག་དངོས་སུ་གྲུབ་འབྲས་ལེགས་པ་ཐོབ་ཡོད་དམ་ཞེས་དྲི་བ་ཡང་བཏོན་གནང་འདུག

ཨ་རིའི་སྲིད་འཛིན་ཊམཔ་གྱིས་ཧྲེན་ཊེན་དུ་ཞི་དང་པུ་ཊིན་ལ་མཇལ་འཕྲད་གནང་རྗེས་མཉམ་འབྲེལ་གསལ་བསྒྲགས་དང་ཨ་རི་དང་རྒྱ་ནག་བར་ཚོང་ཟོག་ལ་སྒོ་ཁྲལ་གཅོག་རྒྱུའི་མཐུན་གྲོས་བྱུང་འདུག
ཊམཔ་ཡིས་ཧྲེན་ཊེན་དུ་ཞི་ཅིན་ཕིང་དང་པུ་ཊིན་ལ་མཇལ་མོལ་གནང་པ། ༢༠༢༦ ལོའི་ཟླ་ ༡༡ ཚེས་༡༩ ཉིན། རྒྱ་ནག་གི་ཧྲེན་ཊེན་དུ་ APEC དབུ་ཁྲིད་ཚོགས་འདུའི་སྐབས། ཨ་རིའི་སྲིད་འཛིན་ཌོ་ནལཌ་ཊམཔ་ནས་གློག་གི་སྐས་འཛེགས་སྟེང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལ་རོགས་པ་བྱེད་ཆེད་ཕྱག་བརྐྱངས་པ། (RUSSIAN POOL/via REUTERS)

ཕྱོགས་གསུམ་གྱི་གསལ་བསྒྲགས་དང་ཧྲེན་ཊེན་གྱི་བཀག་སྡོམ།

ཕོ་བྲང་དཀར་པོས་སྤེལ་བའི་ཕྱོགས་གྱི་གསུམ་གསལ་བསྒྲགས་ནང་། རྡུལ་ཕྲན་མཚོན་ཆའི་དམག་འཁྲུག་ལས་རྒྱལ་ཁ་ཐོབ་མི་སྲིད་ལ། དམག་འཁྲུག་དེ་རིགས་ནམ་ཡང་བརྒྱབ་མི་རུང་ཞེས་བསྐྱར་ནན་བྱས་ཡོད་པ་དང་། རྡུལ་ཕྲན་མཚོན་ཆའི་ཉེན་ཁ་ཉུང་དུ་གཏོང་བ་དང་མཚོན་ཆ་དེ་རིགས་ཁྱབ་གདལ་འགོག་རྒྱུར་གྲོས་མོལ་བྱ་རྒྱུ་བཀོད་ཡོད་ཀྱང་གྲོས་མོལ་གྱི་དུས་ཚོད་དང་མཚོན་ཆ་ཉུང་དུ་གཏོང་རྒྱུའི་ཁས་ལེན་གང་བྱུང་མིན་བཀོད་མི་འདུག

གསལ་བསྒྲགས་ནང་མཉམ་འབྲེལ་རྒྱལ་ཚོགས་ལ་བསྒྱུར་བཅོས་དང་། སྣུམ་རྫས་མཁོ་སྤྲོད་མང་དུ་གཏོང་བ། རྒྱལ་སྤྱིའི་ཁྲིམས་ཁང་དུ་གཞུང་གི་དཔོན་རིགས་ཁྲིམས་གཏུག་ལ་བསྟུན་མི་དགོས་པར་ཁྲིམས་སྒོ་རང་བཙན་གྱི་དབང་ཆ་ཡོད་པར་བརྩི་འཇོག་བྱ་རྒྱུ་བཅས་བཀོད་ཡོད་ཀྱང་ཡུཀ་རེན་ (Ukraine) དང་ཨི་རན་ (Iran) གྱི་དམག་འཁྲུག་སྐོར་གསལ་བསྒྲགས་ནང་བཀོད་མི་འདུག

ད་རེས་ཧྲན་ཊེན་ལ་ཕྱོགས་གསུམ་གྲོས་མོལ་གནང་ཡུལ་ཆི་ལིན་གསོལ་མགྲོན་ཁང་དུ་དེ་སྔ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ཕེབས་པའི་སྐབས་རྒྱ་ནག་གཞུང་གིས་སྣེ་ལེན་ཞུས་མྱོང་ཡོད།

ཨ་རིའི་སྲིད་འཛིན་ཊམཔ་གྱིས་ཧྲེན་ཊེན་དུ་ཞི་དང་པུ་ཊིན་ལ་མཇལ་འཕྲད་གནང་རྗེས་མཉམ་འབྲེལ་གསལ་བསྒྲགས་དང་ཨ་རི་དང་རྒྱ་ནག་བར་ཚོང་ཟོག་ལ་སྒོ་ཁྲལ་གཅོག་རྒྱུའི་མཐུན་གྲོས་བྱུང་འདུག
ཊམཔ་ཡིས་ཧྲེན་ཊེན་དུ་ཞི་ཅིན་ཕིང་དང་པུ་ཊིན་ལ་མཇལ་མོལ་གནང་པ། རྒྱ་ནག་གི་ཧྲན་ཊེན་གྲོང་ཁྱེར་ནང་དམ་དྲག་ཡོད་པ། (Go Nakamura/REUTERS)

ཚོགས་འདུའི་རིང་ཧྲེན་ཊེན་ལ་མང་ཚོགས་ཁྲོད་དམ་དྲག་ཆེན་པོ་བྱས་ཤིང། དྲ་རྒྱའི་ཐོག་གི་ཚོང་ཟོག་སྐྱེལ་མཁན་བཀག་པ་དང་། ས་འོག་རི་ལིའི་འགྲུལ་པའི་ཁུག་མ་ཚང་མ་འཕྲུལ་ཆས་ཀྱིས་ཞིབ་བཤེར་བྱས་པ། གྲོང་ཁྱེར་གྱི་ཁུལ་དྲུག་ཏུ་ཕྱི་ནས་ཐོ་འགོད་བྱས་པའི་འགྲུལ་འཁོར་ལ་དུས་ཚོད་བཀག་སྡོམ་བྱས་པ་དང་། མི་མེད་གནམ་གྲུ་འཕུར་གཏོང་ལའང་བཀག་སྡོམ་བྱས་ཡོད་འདུག་ལ། ཨ་རི་དང་རྒྱ་ནག་གི་དཔོན་རིགས་མཇལ་འཕྲད་སྐབས་དྲི་བ་བཏོན་མཁན་བྷུ་ལུམ་བྷག་གི་གསར་འགོད་པ་ཞིག་ཕྱོགས་གསུམ་གྲོས་མོལ་གྱི་འགོ་འཛུགས་སྐབས་ནང་དུ་འཛུལ་བཅུག་མེད་སྐོར་ཨེ་པི་གསར་ཁང་གིས་གནས་ཚུལ་ནང་བརྗོད་འདུག

ཁ་སྣོན་གསར་འགོད། བསྟན་འཛིན་བདེ་སྐྱིད།

བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།

འབྲེལ་ཡོད་གནས་ཚུལ།

སྲིད་འཛིན་ཊམཔ་ཧྲན་ཊེན་དུ་ཕེབས་སྐབས་ཞི་ཅིན་ཕིང་གིས་གནམ་ཐང་དུ་ཕེབས་བསུ་ཞུས་པ།

ཊམཔ་དང་ཞི་ཅིན་ཕིང་གཉིས་ APEC ཚོགས་ཆེན་སར་མཇལ་འཕྲད་གནང་རྒྱུ།

ཨ་རིར་རྒྱལ་དོན་ལྟ་སྐོར་ཟིན་རྗེས་ཞི་ཅིན་ཕིང་རྒྱ་ནག་ལ་ཕྱིར་ལོག

“བོད་ནང་རྒྱ་སྒྱུར་གྱི་སྲིད་བྱུས་མཚམས་འཇོག་བྱ་དགོས།”

ཞི་ཅིང་ཕིང་ཨ་རིར་འབྱོར་སྐབས་ཨ་རིའི་སྲིད་འཛིན་ནས་གནམ་ཐང་ལ་ཕེབས་བསུ།

ཞི་ཅིན་ཕིང་ལ་གཞུང་འབྲེལ་གྱི་སྣེ་ལེན་དང་དམངས་ཁྲོད་ཀྱི་ངོ་རྒོལ།

བོད་མི་གཞོན་སྐྱེས་ཤིག་གིས་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།

སྲིད་འཛིན་ཊམཔ་དང་ཞི་ཅིན་ཕིང་གི་མཇལ་མོལ་སྐབས་བོད་ཀྱི་གནད་དོན་གླེང་པའི་རེ་སྐུལ་གནང་པ།

༧པཎ་ཆེན་རིན་པོ་ཆེ་གློད་དགོས་ཞེས་ཞིའི་ཕྱོཊ་སྐྱོད་གོང་ཨ་རིས་དགོས་འདུན་བཏོན་པ།

ཨ་རི་དང་རྒྱ་ནག་གི་འབྲེལ་བའི་ཁྲོད་ཀྱི་བོད།

“ཊམཔ་དང་ཞིའི་དབར་གྲོས་མོལ་སྐབས་བོད་ནང་གི་ཆོས་དད་རང་དབང་ཐད་གླེང་བའི་གོ་སྐབས་ཡོད།"