ཞི་ཅིང་ཕིང་ཨ་རིར་འབྱོར་སྐབས་ཨ་རིའི་སྲིད་འཛིན་ནས་གནམ་ཐང་ལ་ཕེབས་བསུ།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཨ་རིར་འབྱོར་སྐབས་སྲིད་འཛིན་ནས་བསུ་བ་དང་ངོ་རྒོལ་བྱེད་མཁན་དུས་མཉམ་དུ་བྱུང་ཡོད་པ།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཟླ་ ༩ ཚེས་ ༢༣ ཉིན་གྱི་དགོང་དྲོའི་ཆུ་ཚོད་དྲུག་པ་མ་ཟིན་ཙམ་ལ་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ཡི་ཨན་ཌི་རུ་སི་གནམ་ཐང་དུ་འབྱོར་སྐབས་སྲིད་འཛིན་ཊམཔ་དང་སྐུ་ཟླ་མེ་ལ་ནི་ཡ་ཊམཔ་རྣམ་གཉིས་ཀྱིས་གནམ་ཐང་དུ་བསུ་བ་སྣེ་ལེན་གནང་ཡོད་ལ། ཡང་ཆུ་ཚོད་ཁ་ཤས་ཀྱི་སྔོན་ཙམ་ལ་རྒྱལ་ས་ཝ་ཤིང་ཊོན་ནང་བོད་དོན་ལས་འགུལ་བ་དང་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཁག་ཅིག་གིས་ངོ་རྒོལ་ལས་འགུལ་སྤེལ་འདུག འོན་ཀྱང་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱབ་སྐྱོར་བ་མང་དག་ཅིག་འཛོམས་ཡོད་པ་ཚོས་བོད་མི་ལས་འགུལ་བ་དགུ་ཙམ་ཡོད་པ་དེ་དག་ལ་ངོ་རྒོལ་སྐད་འབོད་བྱེད་མ་བཅུག་པར་སྐད་སྒྲ་ཆེ་བའི་རོལ་དབྱངས་བཏང་པ་དང་། བོད་མི་ལས་འགུལ་བ་ཚོར་འགོག་རྐྱེན་བཟོས་པ་བྱུང་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་ཨ་རིར་རྒྱལ་དོན་གྱི་འཚམས་འདྲི་འདི་ཚེས་ ༢༣ ཉིན་ནས་འགོ་བཙུགས་ཡོད་ཅིང་། ད་རེས་ཨ་རིའི་སྲིད་འཛིན་ནས་གནམ་ཐང་དུ་དམག་མིའི་རུ་སྒྲིག་གི་ཁྲོད་ཞི་ལ་སྣེ་ལེན་གྱི་མཛད་སྒོ་ཐུང་ངུ་ཞིག་གནང་པའི་རྗེས་ཕོ་བྲང་དཀར་པོའི་ཕྱོགས་སུ་ཕེབས་ཡོད། ཡང་ཞི་ཅིན་ཕིང་གནམ་ཐང་ནས་མགྲོན་ཁང་ལ་སྐྱོད་ཡུལ་གྱི་ལམ་བར་དུ་བོད་ཀྱི་རྒྱལ་དར་འཕྱར་ཞིང་བོད་ལ་རང་དབང་དགོས་ཞེས་སྐད་འབོད་བྱས་འདུག་ལ། དེ་བཞིན་སྲིད་འཛིན་ཞི་ཅིན་ཕིང་མ་འབྱོར་སྔོན་གྱི་ཆུ་ཚོད་ཁ་ཤས་ནང་བོད་མི་དང་ཧོང་ཀོང་། རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་སོགས་ཀྱིས་ངོ་རྒོལ་གྱི་ལས་འགུལ་བ་སྤེལ་ཡོད་པ་དང་། དུས་མཚུངས་ཞི་ཅིན་ཕིང་ལ་བསུ་བ་བྱེད་མཁན་གྱི་རྒྱ་རིགས་མང་པོ་ཡོད་སར་བོད་དོན་ལས་འགུལ་སྤེལ་མཁན་སྐྱོད་སྐབས། ས་གནས་ཉེན་རྟོག་པས་བོད་མི་ངོ་རྒོལ་བ་རྣམས་ས་གནས་དེ་ནས་ཐག་རིང་ཞིག་ཏུ་བསྐྱོད་དགོས་པ་བརྗོད་དེ་ཟུར་འབུད་བྱས་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཨ་རིར་འབྱོར་སྐབས་སྲིད་འཛིན་ནས་ཕེབས་བསུ་དང་ངོ་རྒོལ་བྱེད་མཁན་དུས་མཉམ་དུ་བྱུང་ཡོད་པ།
ཞི་ཅིང་ཕིང་ཨ་རིར་འབྱོར་སྐབས་ཨ་རིའི་སྲིད་འཛིན་ནས་གནམ་ཐང་ལ་ཕེབས་བསུ། ཚེས་ ༢༣ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཨ་རིར་འབྱོར་སྐབས་བོད་དོན་ལས་འགུལ་བའི་ངོ་རྒོལ་བྱས་པ། (RFA Tibetan)

ཡང་ཚེས་ ༢༣ ཉིན་གྱི་ཉིན་ཨ་རིའི་གྲོས་ཚོགས་འཐུས་མིས་གསར་འགོད་ལྷན་ཚོགས་སྐོང་ཚོགས་གནང་སྟེ་བོད་དང་ཤིན་ཅང་། ཧོང་ཀོང་སོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་དོ་ཁུར་དགོས་པ་དང་། རྒྱ་ནག་གི་སྲིད་འཛིན་ལ་གླེང་དགོས་པ་ནན་བརྗོད་གནང་ཡོད།

འདི་ལོ་ཕྱི་ཟླ་ལྔ་པའི་ནང་ཨ་རིའི་སྲིད་འཛིན་ཌོ་ནལཌ་ཊམཔ་རྒྱ་ནག་ལ་རྒྱལ་དོན་གྱི་འཚམས་འདྲིར་ཕེབས་སྐབས་རྒྱ་ནག་གི་སྲིད་འཛིན་ཨ་རིར་མགྲོན་འབོད་གནང་ཡོད།

ད་རེས་ཀྱི་རྒྱལ་དོན་འཚམས་འདྲི་འདི་ཚེས་ ༢༥ བར་ཡིན་ཞིང་། ཚེས་ ༢༤ ཉིན་ཕོ་བྲང་དཀར་པོར་འགོ་ཁྲིད་གཉིས་མཇལ་འཕྲད་དང་རྒྱལ་དོན་གསོལ་ཚིགས་ཀྱི་ལས་རིམ་ཡོད་ལ། ཉིན་དེར་བོད་མི་ཚོས་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ལ་ངོ་རྒོལ་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་འཆར་ཡོད་འདུག

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཨ་རིར་འབྱོར་སྐབས་སྲིད་འཛིན་ནས་བསུ་བ་དང་ངོ་རྒོལ་བྱེད་མཁན་དུས་མཉམ་དུ་བྱུང་ཡོད་པ།
ཞི་ཅིང་ཕིང་ཨ་རིར་འབྱོར་སྐབས་ཨ་རིའི་སྲིད་འཛིན་ནས་གནམ་ཐང་ལ་ཕེབས་བསུ། ཚེས་ ༢༣ ཉིན་ཨ་རིའི་སྲིད་འཛིན་ནས་རྒྱ་ནག་གི་སྲིད་འཛིན་ལ་ཕེབས་བསུ། (Jonathan Ernst/REUTERS)

ཞི་ཅིན་ཕིང་དེ་སྔ་ཨ་རིར་མཐའ་མ་འདི་ ༢༠༢༣ ལོའི་ཟླ་ ༡༡ པར་སན་ཧྥི་རན་སིས་ཀོ་རུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་ལྷན་ཚོགས་སུ་མཉམ་ཞུགས་བྱས་པ་དང་། སྐབས་དེ་དུས་སྲིད་འཛིན་ཇོ་བྷཡི་ཌེན་དང་མཇལ་འཕྲད་བྱུང་ཡོད་ལ། ༢༠༡༧ ལོར་ཨ་རིའི་ཧྥོ་ལོ་རི་ཌ་ལ་སྲིད་འཛིན་ཝམཔ་དང་ཞི་གཉིས་མཇལ་འཕྲད་བྱུང་པ། ༢༠༡༥ ལོའི་ཟླ་ ༩ པར་ཨ་རིར་རྒྱལ་དོན་འཚམས་འདྲིར་སྐྱོད་སྐབས་སྲིད་འཛིན་ཨོ་བྷ་མ་དང་མཇལ་ཡོད།།

ཁ་སྣོན་གསར་འགོད་པ། བཀྲ་དབང་།

བར་ལེན། བསྟན་འཛིན་བདེ་སྐྱིད།

བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།

འབྲེལ་ཡོད་གནས་ཚུལ།

ཞི་ཅིན་ཕིང་ལ་གཞུང་འབྲེལ་གྱི་སྣེ་ལེན་དང་དམངས་ཁྲོད་ཀྱི་ངོ་རྒོལ།

བོད་མི་གཞོན་སྐྱེས་ཤིག་གིས་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ།

སྲིད་འཛིན་ཊམཔ་དང་ཞི་ཅིན་ཕིང་གི་མཇལ་མོལ་སྐབས་བོད་ཀྱི་གནད་དོན་གླེང་པའི་རེ་སྐུལ་གནང་པ།

༧པཎ་ཆེན་རིན་པོ་ཆེ་གློད་དགོས་ཞེས་ཞིའི་ཕྱོཊ་སྐྱོད་གོང་ཨ་རིས་དགོས་འདུན་བཏོན་པ།

ཨ་རི་དང་རྒྱ་ནག་གི་འབྲེལ་བའི་ཁྲོད་ཀྱི་བོད།