ཧོང་ཀོང་མང་གཙོ་ལས་འགུལ་བ་ཇོཤ་ཝ་ཝོང་ལ་སླར་ཡང་ལོ་ ༡༠ བཙོན་འཇུག་གི་ཁྲིམས་ཆད་བཀལ་འདུག
ཧོང་ཀོང་གི་ཆེས་མཐོའི་ཁྲིམས་ཁང་གིས་ཟླ་ ༡༡ ཚེས་ ༥ ཉིན་རང་ལོ་ ༣༠ ཡིན་པ་ཧོང་ཀོང་མང་གཙོ་ལས་འགུལ་བ་ཇོ་ཤུ་ཝ་ཝོང་ Joshua Wong ལ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞིའི་འོག་ཕྱིའི་རྒྱལ་ཁབ་ཁག་ལ་ངན་པ་ལག་འབྲེལ་བྱེད་པའི་ཉེས་འཛུགས་འོག་སླར་ཡང་ལོ་ ༡༠ བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག
ཇོ་ཤུ་ཝ་ཝོང་ཕྱི་ལོ་ ༢༠༢༠ ཕྱི་ཟླ ༡༢ ནས་བཟུང་བཙོན་འཇུག་བྱས་ཡོད་པ་དང་ད་ལྟའི་དུས་བཀག་ལོ་ ༡༠ འཕར་མ་བཏང་པ་ལྟར་ན། ༢༠༣༦ ལོའི་ལོ་མཇུག་བར་བཀག་ཉར་བྱ་སྲིད་པར་གྱུར་ཡོད་པ་རེད།
ཇོཤ་ཝ་ཝོང་ལ་ལས་འགུལ་བ་ནེ་ཐཱན་ལའོ་ (Nathan Law) དང་གཞན་ཁག་ཅིག་གི་མཉམ་དུ་ཕྱི་རྒྱལ་གཞུང་ཁག་ལ་འབྲེལ་བ་བྱས་ཏེ་རྒྱ་ནག་དང་ཧོང་ཀོང་གི་གཞུང་འབྲེལ་མི་སྣ་ཚོར་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བའི་ཐད་ཉེད་ཆད་འགེལ་དགོས་པའི་སྐུལ་མ་བྱས་ཡོད་པའི་ཉེས་འཛུགས་བྱས་ཡོད་པ་རེད།
“ དྲང་བདེན་མ་རེད་”
གྱོད་གཞི་དེས་རྒྱལ་སྤྱིའི་ནང་ཞི་བའི་ངང་ཞུ་གཏུག་ལས་འགུལ་བྱེད་མཁན་ཚོར་ཁྲིམས་འགལ་གྱི་བྱ་སྤྱོད་ཅིག་ཏུ་འགྱུར་ཐབས་སུ་ངོས་འཛིན་དང་འབྲེལ། འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་ཨེ་ཤེ་ཡའི་འགན་འཛིན་ཨེ་ལྱིན་པི་ཡར་སན་ལགས་ཀྱིས་ “ཇོ་ཤུ་ཝ་ཝོང་ལ་གཞི་མེད་ཀྱི་ཉེས་འཛུགས་བཀལ་བའི་ཁྲིམས་གཅོད་དྲག་པོ་དེ་ནི་དྲང་བདེན་མ་རེད་” ཅེས་དང་། ཆ་རྐྱེན་མེད་པར་ཁོང་མྱུར་དུ་གློད་དགོས་པའི་འབོད་སྐུལ་གནང་འདུག

ཨ་རིའི་གྲོས་ཚོགས་ཀྱི་ལས་དོན་ཚོགས་ཆུང་ཁག་གིས་རྒྱ་ནག་ལ་སྐྱོན་བརྗོད།
ཡང་ཨ་མི་རི་ཀའི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་རྒྱ་ནག་ཐོག་གི་ཚོགས་ཆུང་ (Congressional-Executive Commission on China) གིས་ད་རེས་ཇོ་ཤུ་ཝ་ཝོང་གི་གྱོད་གཞི་དེས་སླར་ཡང་ཧོང་ཀོང་གི་ཁྲིམས་ཁང་དེ་ཚོ་དྲག་གནོན་བྱ་ཆེད་དུ་བཀོལ་སྤྱོད་བྱེད་བཞིན་ཡོད་པ་གསལ་པོ་སྟོན་གྱི་ཡོད་པས། རྒྱལ་སྤྱིའི་ངོས་ནས་སྐྱོན་བརྗོད་བྱེད་དགོས་པ་བརྗོད་འདུག
རྒྱ་ནག་དམར་ཤོག་ཚོགས་པས་འགྲོ་བ་མིའི་ཚེ་སྲོག་གི་རང་དབང་དང་དཀོན་མཆོག་གིས་གནང་པའི་རང་དབང་ལ་རྩིས་མེད་བཏང་པ་ནི་ངོ་ཚ་ཁ་སྐྱེང་བྱ་དགོས་པའི་བྱ་ཐབས་གསལ་སྟོན་བྱས་པ་ཞིག་རེད་ཅེས་ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་ཐད་ཀྱི་ཆེད་འཛུགས་ཚོགས་ཆུང་གི་ཚོགས་གཙོ་འཇོན་མུ་ལེ་ནར་ (John Moolenar) ལགས་ཀྱིས་གསལ་བསྒྲགས་སྤེལ་འདུག

ཕྱི་ལོ་ ༢༠༡༤ ལོར་ཧོང་ཀོང་ནང་ཆར་གདུངས་ཀྱི་ལས་འགུལ་ (Umbrella Movement) འགོ་ཁྲིད་ ཇོཤ་ཝ་ཝོང་ (Joshua Wong) ལགས་དང་། ཁོང་གི་ཕྱག་རོགས་ཨ་ལེཀསི་ཆའོ་ (Alex Chow) དང་ནེ་ཐཱན་ལའོ་ (Nathan Law) ལགས་བཅས་ལ་ཕྱི་ལོ་ ༢༠༡༨ ཀྱི་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་ཡུལ་གྱི་འོས་མིའི་ཁོངས་སུ་ཡང་མིང་བཏོན་གནང་ཡོད་པ་རེད།
ཇོ་ཤུ་ཝ་ཝོང་ནི་ཧོང་ཀོང་གི་རང་དབང་དང་མང་གཙོའི་ཐོབ་ཐང་རྩོད་ལེན་བྱེད་མཁན་གྱི་ངོ་བོ་མཚོན་པའི་མི་སྣ་གཙོ་བོའི་གྲས་ཤིག་ཏུ་གྱུར་བ་མ་ཟད། གཞོན་སྐྱེས་ཁྲི་ཚོ་མང་པོས་ཁོང་གི་འགོ་ཁྲིད་ལ་བརྩི་མཐོང་ཆེན་པོ་བྱེད་བཞིན་ཡོད་པ་རེད།
ཕྱི་ལོ་ ༢༠༢༠ ཟླ་ ༦ ནང་རྒྱ་ནག་གཞུང་གིས་ཧོང་ཀོང་ནང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་གཞི་གཏན་འབེབས་བྱས་པ་ནས་བཟུང་ལས་འགུལ་བ་དང་གཞུང་ལ་སྐྱོན་བརྗོད་བྱེད་མཁན་བརྒྱ་ཕྲག་མང་པོ་བཙོན་འཇུག་བྱས་པ་དང་། མང་དག་ཅིག་བཙན་བྱོལ་དུ་གྲོལ་དགོས་འཁེལ་ཡོད་པ་རེད།།
བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།
