སྲིད་འཛིན་ཌོ་ནལཌ་ཊམཔ་དང་ཞི་ཅིན་ཕིང་གི་མཇལ་མོལ་སྐབས་བོད་ཀྱི་གནད་དོན་གླེང་སྲིད་པའི་བོད་མིའི་འགོ་ཁྲིད་ཚོས་རེ་བ་དང་སྔོན་དཔག་གནང་བཞིན་པ།
ཕྱི་ལོ་ ༢༠༢༦ ཟླ་ ༩ ཚེས་ ༢༤ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྒྱལ་དོན་ཕྱོགས་ཕེབས་སྐབས་སྲིད་འཛིན་ཌོ་ནལཌ་ཊམཔ་མཆོག་དང་མཇལ་འཕྲད་གནང་རྒྱུ་ཡིན་པའི་སྐབས་འདིར། བཙན་བྱོལ་བོད་མིའི་འགོ་ཁྲིད་ཁག་ཅིག་གིས། ཐེངས་འདིར་ཨ་རིའི་སྲིད་འཛིན་ཊམཔ་དང་ཞི་ཅིན་ཕིང་གི་མཇལ་འཕྲད་སྐབས་ཨ་རིའི་གཞུང་ངོས་ནས་བོད་དོན་དང་འབྲེལ་བའི་ཁྲིམས་འཆར་མང་དག་ཅིག་གཏན་འབེབས་བྱས་ཡོད་པ་དང་འབྲེལ་གླེང་སློང་བྱེད་སྲིད་པའི་ཚོད་དཔག་གནང་གི་འདུག
སྲིད་འཛིན་གཉིས་ཀྱི་མཇལ་མོལ་དང་བོད་དོན།
ལྷོ་བྱ་ཨ་རིའི་སྤྱི་འཐུས་སྒོ་དྲུག་སྐལ་བཟང་ཕུན་ཚོགས་ལགས་ཀྱིས། སྲིད་འཛིན་གཞན་ཚོ་ཡིན་ན་ང་ཚོས་ཚོད་དཔག་ཐིག་ཀྱང་། སྲིད་འཛིན་ཊམཔ་ཡིས་ཆབ་སྲིད་ཀྱི་བཞེངས་ཕྱོགས་འཛིན་སྟངས་ལ་དཔྱད་པ་བྱས་པའི་ཚེ། སྲིད་འཛིན་ཊམཔ་ཡིས་ཐད་ཀར་མ་གསུངས་པ་ཡིན་ནའི་གྲོས་ཚོགས་འཐུས་མི་རེད། བོད་དོན་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་ཡོད་ཙང་། བོད་ཀྱི་གནད་དོན་ཐོག་ཐད་ཀར་གསུངས་མིན་ལ་མ་ལྟོས་པར། གླེང་སློང་གཅིག་ཏན་ཏན་ཡོང་གི་རེད་དྲན་གྱི་འདུག་ལ། ཨ་རིས་བོད་དོན་ལ་རྒྱབ་སྐྱོར་ཚད་མཐོ་པོའི་ཐོག་ནས་གྲོས་ཆོད་(ཁྲིམས་ཡིག་)མང་པོ་གཏན་འབེབས་གནང་པ་སོགས་དང་འབྲེལ། ཞི་ཅིན་ཕིང་གིས་སྲིད་འཛིན་ཊམཔ་དང་ལྷན་དེ་དག་དང་འབྲེལ་གླེང་སློང་ཏན་ཏན་བྱེད་ཀྱི་རེད་དྲན་གྱི་འདུག་ཅེས་གསུངས་བྱུང་།
ཡང་ཉེ་ལམ་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་རྒྱ་གར་དུ་འཚོགས་པའི་སྦརིཀསི་ཚོགས་འདུར་མཉམ་ཞུགས་ཆེད་སླེབས་པའི་སྐབས་འདིར། བཙན་བྱོལ་བོད་མིའི་ཚོགས་སྒེར་ཁག་མང་དག་ཅིག་དང་། རྒྱ་གར་གྱི་གནད་དོན་དབྱེ་ཞིབ་པ་དང་ཁོར་ཡུག་ཉམས་ཞིབ་པ་མང་པོས། བོད་དོན་དང་ལྷག་པར་དུ་ཁོར་ཡུག་གི་གནད་དོན་དང་འབྲེལ་རྒྱ་གར་ཕྱོགས་ནས་གླེང་སློང་གནང་སྲིད་པའི་རེ་བ་བྱས་ཡོད་ཀྱང་། དེ་ལྟར་དམིགས་བསལ་དངོས་སུ་གླེང་སློང་བྱུང་བ་ཞིག་མངོན་གསལ་བྱུང་མེད་པར་བརྟེན། བོད་མི་མང་སྤྱི་འཐུས་བཀྲས་ཁང་སྒྲོལ་མ་ཚེ་རིང་ལགས་ཀྱིས། རྒྱལ་སྤྱིའི་ཆབ་སྲིད་ཁྲོད་བཙན་བྱོལ་མི་མང་གི་དགོས་འདུན་ཆ་ཚང་གཞན་དབང་སྟབས་བསྟུན་ཆགས་ཡོད་པ་གསུང་གི་འདུག

དེ་ཡང་ཁོང་གིས། རྒྱལ་སྤྱིའི་ཆབ་སྲིད་ཁྲོད་བཙན་བྱོལ་མི་མང་གི་དགོས་འདུན་ཆ་ཚང་གཞན་དབང་སྟབས་བསྟུན་ཆགས་བསྡད་ཀྱི་ཡོད། དེ་ཡང་ཉེ་ལམ་རྒྱ་གར་ནང་ཚོགས་པའི་སྦརིཀསི་ཚོགས་འདུར་རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་བསླེབས་ཡོད་ཀྱང་། བོད་དོན་གླེང་སློང་གྲིབ་མ་ཙམ་ཡང་བྱུང་མེད་པ་བཞིན། ང་ཚོས་རེ་བ་མུ་མཐུད་བྱེད་ཆོག་ཀྱང་། བོད་དོན་གླེང་སློང་གནང་དང་མ་གནང་དེ་རྒྱལ་ཁབ་སོ་སོའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་བསྟུན་བོད་ཀྱི་གནད་དོན་གླེང་ན་རྒྱལ་ཁབ་སོ་སོར་དགེ་མཚན་ཡོད་མེད་ལ་རགས་ལས་ཡོད་པས། གཏམ་བཟང་གོ་ཡི་རེད་དང་མ་རེད་ངའི་བསམ་པར་ཡོང་གི་ཨ་ཡོད་ན་བསམ་པ་ཞིག་འདུག་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཨ་རིའི་གྲོས་ཚོགས་འཐུས་མིས་བོད་མི་ཆབ་སྲིད་བཙོན་པའི་གནད་དོན་གླེང་དགོས་པའི་འབོད་སྐུལ་གནང་པ།
ཕྱི་ཟླ་ ༩ ཚེས་ ༢༡ ཉིན་ཨ་རིའི་གྲོས་ཚོགས་འཐུས་མི་ཇིམ་ མེཀ་གྷོ་ཝཱརན་ལགས་དང་། གྲོས་ཚོགས་འཐུས་མི་ཇེཧྥ་མེཀཱར་ལཱི། ཐོ་མཱས་སུ་ཛི་ལགས། ཇེམ་སི་ཝལ་ཀིན་ཤོ་ལགས་དང་ཁིརིས་ཝན་ཧོ་ལེན་ལགས་བཅས་ཐུན་མོང་གིས་སྲིད་འཛིན་ཌོ་ནལཌ་ཊམཔ་མཆོག་གི་མཚན་ཐོག་ཕུལ་བའི་ཕྱག་བྲིས་ཤིག་གི་ནང་། བོད་མི་ཆབ་སྲིད་བཙོན་པ་གསུམ་ཚུད་པའི་རྒྱ་ནག་གི་བཙོན་འཇུག་འོག་ཡོད་པའི་ཆབ་སྲིད་བཙོན་པ་ཁག་གི་གནས་སྟངས་སྐོར་ཞི་ཅིན་ཕིང་དང་མཉམ་དུ་གླེང་དགོས་པའི་སྐུལ་མ་གནང་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བཀག་ཉར་བྱས་པའི་ཆབ་སྲིད་བཙོན་པ་རྣམས་ལ་གུས་བརྩི་ལྡན་པའི་ཐོག་ནས་སྟངས་འཛིན་བྱེད་དགོས་ཤིང་། རྒྱ་ནག་གི་ཕྱི་ཕྱོགས་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཚོར་རྒྱལ་མཚམས་བརྒལ་ཏེ་དྲག་གནོན་བྱེད་ཀྱི་ཡོད་པའི་གནད་དོན་རྣམས་གླེང་དགོས་པའི་འབོད་སྐུལ་གནང་འདུག དེ་ཡང་བོད་མི་ཆབ་སྲིད་བཙོན་པ་གསུམ་མཚན་འདོན་གནང་པའི་ཁོངས།
༡) སྒོ་ཤེས་རབ་རྒྱ་མཚོ།
བོད་ཀྱི་རྩོམ་པ་པོ་གྲགས་ཅན་དང་ནང་བསྟན་ཤེས་ཡོན་པ་སྒོ་ཤེས་རབ་རྒྱ་མཚོ་ལགས་ནི། རྒྱ་གཞུང་གིས་ཕྱི་ལོ་ ༡༩༩༨ དང་། ཕྱི་ལོ་ ༢༠༠༨ དེ་བཞིན་ཕྱི་ལོ་ ༢༠༡༡ ཕྱི་ལོ་ ༢༠༢༠ སོ་སོར་ཐེངས་བཞི་འཛིན་བཟུང་བྱས་ཏེ་ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༣ ཉིན་ལྷ་ས་ཁྲིམས་ཁང་ཞིག་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་དང་མི་མང་ལ་ངན་སྐུལ་བྱས་པའི་ཉེས་འཛུགས་འོག་མི་ལོ་བཅུའི་རིང་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ད་ཆ་ཁོང་ཆུ་ཤུལ་བཙོན་ཁང་དུ་བཙོན་འཇུག་འོག་ཡོད་པ་རེད།
༢) རྡོ་རྗེ་བཀྲིས།
རྡོ་རྗེ་བཀྲིས་ལགས་ནི་བོད་མི་ཚོང་པ་གྲགས་ཅན་ཞིག་ཡིན་པ་དང་། ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྐབས་ས་གནས་ཀྱི་ཆབ་སྲིད་འགོ་ཁྲིད་ཁག་ཅིག་གིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་བྱེད་བཞིན་ཡོད་པར་ཉེས་མིང་བཏགས་ནས་འཛིན་བཟུང་བྱས་ཡོད་པ་དེ་ལྟར་ཡང་། ད་བར་ཡོངས་གྲགས་ཐོག་ནས་ནག་ཉེས་རྩ་བ་ནས་ཁུངས་སྐྱེལ་མ་བྱས་པ་དང་། ཕྱི་ལོ་ ༢༠༡༠ ཟླ་ ༦ ཚེས་ ༢༦ ཉིན་ལྷ་སར་རྒྱ་ནག་གི་ཁྲིམས་ཁང་ནས་གསང་བའི་ངང་ཁྲིམས་ར་འཚོགས་ཏེ་རྡོ་རྗེ་བཀྲ་ཤེས་ཀྱིས་བུ་ལོན་གཡོ་ལེན་བྱས་ཡོད་པའི་ཉེས་འཛུགས་ཀྱིས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་རེད།
༣) དཀོན་མཆོག་ཆོས་གྲགས།
ཕྱི་ལོ་ ༢༠༢༤ ཟླ་ ༡༢ ནང་ཧོར་གཙང་ཀིརྟིའི་དགོན་གྱི་ཁྲི་ཚབ་དང་དཔེ་ཁྲིད་དགེ་རྒན་དགེ་བཤེས་ལྷ་རམས་པ་དཀོན་མཆོག་ཆོས་གྲགས་ལགས་བསང་ཆུ་རྫོང་གི་ཉེན་རྟོག་པས་བཙན་ཁྲིད་བྱས་ཤིང་། ཁོང་གི་བཞུགས་ཤག་སྔོག་བཤེར་བྱས་ནས་ཤེས་ཡོན་འགན་འཛིན་ལྷན་ཚོགས་དང་འབྲེལ་བའི་ཡིག་ཆ་སོགས་བཅའ་དངོས་མང་པོ་ཞིག་བཙན་འཁྱེར་དང་། ད་ལྟ་ཁོང་གང་དུ་བཀག་ཉར་བྱས་ཡོད་མེད་ཀྱི་གནས་སྟངས་སོགས་ཁ་གསལ་ཤེས་རྟོགས་མེད་པར་གར་སོང་ཆ་མེད་དུ་གྱུར་ཡོད།
ཨ་རིའི་རྒྱལ་སར་བོད་མིའི་ངོ་རྒོལ།
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཨ་རིར་ཡོང་གི་ཡོད་པ་དེར་ཨ་རིར་གནས་སྡོད་བོད་མི་རྣམས་ཀྱིས་རྒྱལ་ས་ལྦ་ཤིང་ཊོན་ཏུ་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་རེད་འདུག
དེ་འབྲེལ་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་ལགས་ཀྱིས་གསུངས་དོན་དུ། སྲིད་འཛིན་ཊམཔ་ཡིས་ཐེངས་འདིར་ཞི་ཅིན་ཕིང་དང་ལྷན་བོད་དོན་ཐོག་ཞི་དང་ལྷན་གླེང་སློང་གནང་རྒྱུའི་རེ་བ་བྱེད་བཞིན་ཡོད་ལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ངོས་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཨ་རིར་ཡོང་གི་ཡོད་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་མཚོན་ཆེད། བྱང་ཨ་རིའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ས་གནས་ཁག་གིས་སྣེ་ཁྲིད་འོག ཨ་རིར་གནས་སྡོད་བོད་མི་ ༡༠༠༠ ལྷག་མཉམ་ཞུགས་ཐོག་ཌི་སིར་འགྲོ་ཞེས་པའི་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་གྱི་ཡོད་པ་གསུང་གི་འདུག
མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ལ་ངོ་རྒོལ་དང་། བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་དགོས་པའི་དགོས་འདུན།
ལྷོ་བྱང་ཨ་རིའི་སྤྱི་འཐུས་ཚེ་བརྟན་ཕུན་ཚོགས་ལགས་ཀྱིས། ཨ་རིར་གནས་སྡོད་བོད་མི་ཡོངས་ཀྱིས་མཇལ་འཕྲད་དེའི་བརྒྱུད་སྲིད་འཛིན་གཉིས་དབར་བོད་དོན་གླེང་སློང་གནང་རྒྱུའི་ཐོག་བོད་རྒྱ་གཉིས་ཀྱི་གྲོས་མོལ་ཆད་བསྡད་པ་དེ་སླར་གསོ་ཡོང་བའི་འབོད་སྐུལ་ཞུ་འདོད་བྱུང་ལ། གཙོ་བོ་ཨ་རིར་གནས་སྡོད་བོད་མི་རྣམས་ནས་ཀྱང་། ཨ་རིའི་སྲིད་འཛིན་ལ་རྒྱ་ནག་གི་སྲིད་འཛིན་དང་ལྷན་བོད་དོན་གླེང་སློང་དང་བོད་ནང་གི་གནས་སྟངས། ལྷག་པར་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ཕྱིར་འཐེན་དགོས་པའི་ཐད་ལ་ཞུ་གཏུག་གནང་དགོས་གལ་ཆེ་བ་མཐོང་གི་འདུག་ཅེས་གསུངས་བྱུང་།
“༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་གཏང་དགོས།"
ཡང་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་སྒྲོལ་མ་ལགས་ཀྱིས། སྲིད་འཛིན་ཊམཔ་མཆོག་གིས་ཞི་ཅིན་ཕིང་ལ། བོད་ནང་དུ་ལག་བསྟར་བྱེད་བཞིན་པའི་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་སྟེ་མི་རིགས་རྩ་མེད་ཀྱི་སྲིད་བྱུས་དེ་ཕྱིར་འཐེན་དགོས་པ་དང་། ལྷན་པར་༧པཎ་ཆེན་སྐུ་ཕྲེང་༡༡པ་མཆོག་གར་ཡོད་ཀྱི་གནས་སྟངས་སྐོར་བཀའ་མོལ་གནང་བའི་རེ་སྐུལ་ཞུ་ཡི་འདུག
རྩ་བའི་ཉེ་ལམ་ཟླ་ ༥ ཚེས་ ༡༣ ཉིན་ཨ་རིའི་སྲིད་འཛིན་ཌོ་ནལཌ་ཊམཔ་ཡིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་ཉིན་གཉིས་རིང་གི་རྒྱལ་དོན་འཚམས་གཟིགས་གནང་བའི་ཁྲོད། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དང་ཐུག་འཕྲད་གནང་ཡོད་ཅིང་། འཚམས་གཟིགས་གྲུབ་རྗེས་ཁོང་གིས། རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་དང་ལྷན་དུ་ཚོང་དོན་དང་ས་ཁུལ་གྱི་བདེ་འཇགས། ཐའེ་ཝན་གྱི་གནད་དོན་སོགས་ཀྱི་ཐོག་གླེང་མོལ་རྒྱ་ཆེན་པོ་བྱུང་སྐོར་སྲིད་འཛིན་ཊམཔ་ནས་གསུངས་ཤིང་། ཐའེ་ཝན་ལ་འཛིན་པའི་ཨ་རིའི་སྲིད་ཇུས་ལ་གཞུང་འཛིན་རིམ་པས་གཅིག་གྱུར་ཡིན་པ་བརྗོད་ཡོད་པ་སོགས། དངོས་སུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གླེང་སློང་གནང་ཡོད་པའི་གནས་ཚུལ་གང་ཡང་ཐོན་མེད་ཀྱང་། སྒོ་བརྒྱབ་ཀྱི་གྲོས་མོལ་བྱུང་ཡོད་མེད་དེ་དྲི་བ་ཞིག་ཆགས་ཡོད།
ཁ་སྣོན། ཨ་རིའི་གྲོས་ཚོགས་འཐུས་མིའི་ཆབ་སྲིད་བཙོན་པ་གསུམ་གྱི་གནད་དོན་གླེང་དགོས་པའི་གནས་ཚུལ་ཁ་སྣོན་ཞུས།
ཁ་སྣོན་གསར་འགོད། བསྟན་འཛིན་བདེ་སྐྱིད།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
འབྲེལ་ཡོད་གནས་ཚུལ།
༧པཎ་ཆེན་རིན་པོ་ཆེ་གློད་དགོས་ཞེས་ཞིའི་ཕྱོཊ་སྐྱོད་གོང་ཨ་རིས་དགོས་འདུན་བཏོན་པ།
