ཉེ་ལམ་ཕྱི་ཟླ་ ༨ ཚེས་ ༢༦ ཉིན་བོད་དང་བལ་ཡུལ་གྱི་ས་མཚམས་ས་ཁུལ་དུ་ཆུ་ལོག་གི་དོན་རྐྱེན་ཚབས་ཆེ་བྱུང་པའི་ཁྲོད་རྒྱ་ནག་གཞུང་གིས་གོད་ཆག་དང་འབྲེལ་བའི་གནས་ཚུལ་ཆ་ཚང་ཕྱིར་བསྒྱགས་བྱེད་དགོས་པ་དང་། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་རང་དབང་ཅན་གྱི་གསར་འགོད་པ་དང་རོགས་སྐྱོར་ཚོགས་པ་རྣམས་གནོད་འཚེ་ཕོག་པའི་ས་ཁུལ་དུ་རང་དབང་ངང་བསྐྱོད་བཅུག་དགོས་པ། ལྷག་པར་དུ་བོད་ཐོག་འཛིན་པའི་རྒྱ་ནག་གཞུང་གི་སྲིད་བྱུས་གཞན་མང་དག་ཅིག་ཕྱི་གསལ་ནང་གསལ་བཟོས་དགོས་པའི་སྐོར་ཡུ་རོབ་གྲོས་ཚོགས་ནང་དུ་སྙན་ཐོ་བཏོན་པའི་སྐབས་རྒྱབ་གཉེར་གནང་འདུག
གྲོས་ཚོགས་འཐུས་མི་ ༤༥༤ ཡིས་ཞུ་སྐུལ་སྙན་ཐོར་རྒྱབ་སྐྱོར་གནང་པ།
ཞུ་སྐུལ་རྒྱབ་གཉེར་གནང་པ་དེ་ནི་ཕྱི་ཟླ་ ༡༠ ཚེས་ ༧ ཉིན་ཡུ་རོབ་མནའ་འབྲེལ་དང་རྒྱ་ནག་བར་གྱི་འབྲེལ་བའི་སྐོར་གྱི་སྙན་ཐོ་ཞིག་ཡུ་རོབ་གྲོས་ཚོགས་ནང་དུ་བཏོན་པའི་སྐབས་བྱུང་ཞིང་། གྲོས་ཚོགས་འཐུས་མི་ ༤༥༤ ཡི་རྒྱབ་སྐྱོར་ཐོག་གཏན་འབེབས་གནང་བའི་སྙན་ཐོ་གཏན་འབེབས་ཀྱི་ཆ་ཤས་སུ་བགྲོ་གླེང་གནང་པའི་སྐབས་བྱུང་པ་དང་། སྙན་ཐོ་དེའི་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་ཚུལ་ཙམ་མིན་པར་རྒྱ་ནག་གཞུང་གིས་རང་དབང་ཅན་གྱི་གནས་ཚུལ་སྤེལ་མཁན་ལ་དམ་དྲག་ཤུགས་ཆེ་བྱེད་བཞིན་པའི་སྐོར་འབུར་འདོན་གྱིས་བོད་ནས་གནས་ཚུལ་ཁོ་སྒྲུབ་བྱ་རྒྱུའི་དཀའ་ངལ་གྱི་གནད་དོན་སྐོར་ལ་ཡང་གསལ་སྟོན་བྱས་འདུག
སྙན་ཐོ་འདི་ཡུ་རོབ་གྲོས་ཚོགས་ཀྱི་རྒྱ་ནག་འབྲེལ་ལམ་གྱི་དམིགས་བསལ་སྐུ་ཚབ་གྲོས་ཚོགས་འཐུས་མི་ཧིལ་ཌེ་ཝོཊ་མནསི་ (Hilde Vautmans) ལགས་ཀྱིས་ཡུ་རོབ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་སྐུ་ཚབ་ངོ་བོའི་ཐོག་ཟིན་བྲིས་བཀོད་པ་ཞིག་ཡིན་པ་དང་། སྙན་ཐོ་འདིའི་ནང་རྒྱ་ནག་གཞུང་གིས་བོད་ནང་བོད་མི་རིགས་ཀྱི་ངོ་བོ་དང་སྐད་ཡིག ཆོས་དང་རིག་གཞུང་བཅས་པ་རྩ་མེད་གཏོང་སྟེ། བཙན་དབང་གི་ཐོག་ནས་མི་རིགས་མཉམ་བསྲེས་དང་རྒྱ་བསྒྱུར་གྱི་སྲིད་བྱུས་སྤེལ་བཞིན་པ་ཁག་ཐེར་འདོན་གྱིས་སྐྱོན་བརྗོད་བྱས་འདུག

སྙན་ཐོའི་ནང་ད་དུང་། བལ་བོད་ས་མཚམས་ས་ཁུལ་དུ་ཆུ་ལོག་གི་དོན་རྐྱེན་ཁྲོད། ས་མཚམས་ཀྱི་ཕྱོགས་གཉིས་ཀར་གོད་ཆག་དང་ཤི་རྨས་ཀྱི་དོན་རྐྱེན་ཤུགས་ཆེ་བྱུང་ཡོད་ཀྱང་། རྒྱ་ནག་གཞུང་གིས་རྐྱེན་འདས་ཀྱི་གྲངས་འབོར་ཚད་ལྡན་ཕྱི་གསལ་མ་བྱས་པ་དང་། ཆུ་ལོག་ནས་ཐར་པའི་མི་རྣམས་ཀྱི་མྱོང་བའི་སྐོར་ཕྱི་ལ་བཤད་པ་རྣམས་སྤྱི་ཚོགས་དྲྭ་ལམ་ནས་བསུབ་པ་མ་ཟད། མང་ཚོགས་རྣམས་ལ་ཆུ་ལོག་གི་གོད་ཆག་དང་འབྲེལ་བའི་གནས་ཚུལ་སྤེལ་རྒྱུར་དམ་དྲག་བྱས་པ་སོགས་རྒྱ་ནག་གིས་གནས་ཚུལ་འགྲོ་རྒྱུག་ལ་དམ་དྲག་མངོན་གསལ་བྱས་པ་དང་། ཕྱི་རྒྱལ་གྱི་གསར་འགོད་པ་ཚོ་གཞུང་གི་ལྟ་སྐུལ་འོག་གནོད་འཚེ་ཕོག་པའི་ས་ཁུལ་དུ་བསྐྱོད་བཅུག་པ་ཙམ་མ་གཏོགས་རྒྱ་ནག་གི་སྤྱི་བདེ་ལྷན་ཁང་གིས་གོད་ཆག་སྐོར་གྱི་གནས་ཚུལ་མཉམ་སྤྱོད་བྱེད་མཁན་གྱི་མི་ཚོར་ཉེས་ཆད་གཏོང་གི་ཡོད་པ་སོགས་འཁོད་འདུག
ཡོ་རོབ་གྲོས་ཚོགས་ནས་རྒྱ་ནག་གཞུང་ལ་རང་དབང་ཅན་གྱི་ཞིབ་འཇུག་པ་དང་གསར་འགོད་པ། འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་ལ་འཕྲལ་མར་བཀག་འདོམས་མེད་པར་རྨས་སྐྱོན་གྱི་གྲངས་ཀ་ཆ་ཚང་ཡོང་བསྒྲགས་བྱས་དགོས་ཤིང་། བདེན་དཔང་ར་སྤྲོད་འཕེར་བའི་གནས་ཚུལ་རྣམས་ཕྱིར་བསྒྲགས་བྱ་དགོས་པའི་དགོས་འདུན་བཏོན་ཡོད་པ་རེད།
“ཡོ་རོབ་གྲོས་ཚོགས་ཀྱི་གྲོས་ཆོད་ལག་བསྟར་དགོས།”
དེའི་ཐད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡོ་རོབ་སྤྱི་མཐུན་ཚོགས་པའི་སྲིད་བྱུས་འགན་འཛིན་ཝིན་སེནཊ་མེ་ཊེན(Vincent Metten) ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ། ད་ལྟའི་ཆར་གདོང་ལེན་བྱ་དགོས་པ་གཙོ་བོ་གཅོག་ནི་ཡུ་རོབ་གྲོས་ཚོགས་ཀྱི་གྲོས་འཆར་བཏོན་པ་དེ་དག་དངོས་ཡོད་ཀྱི་ལག་བསྟར་བྱ་ཐུབ་པར་སྒྱུར་རྒྱུ་དེ་ཡིན་པ་དང་། སྙན་ཐོ་དེ་ non-binding ཞེས་ཁྲིམས་ཀྱི་བཀའ་བཅད་འོག་མི་ཚུད་པར་མདོར་ན་ཡུ་རོབ་མནའ་འབྲེལ་གྱི་ལས་ཁུངས་དང་ཚོགས་མིའི་རྒྱལ་ཁབ་ཚོས་ཁྲིམས་མཐུན་ཐོག་ནས་ད་རེས་ཀྱི་གྲོས་ཆོད་གྲོས་འཆར་བཏོན་པ་དེ་ཚོ་ལག་བསྟར་བྱེད་དགོས་པའི་ཁྲིམས་ཐོག་ནས་དགོས་མཁོ་མེད་པ་རེད་ཅེས་བརྗོད་བྱུང་།
ཁོང་གིས་ཡུ་རོབ་མནའ་འབྲེལ་གྱི་ཁོངས་གཏོགས་རྒྱལ་ཁབ་ཁག་དང་ཡུ་རོབ་ཀྱི་ཕྱི་འབྲེལ་ལས་དོན་ལས་ཁུངས། དེ་བཞིན་ཡུ་རོབ་ལྷན་ཚོགས་ཀྱིས་གྲོས་འཆར་དེ་དག་ལ་དོ་སྣང་བྱས་ཏེ་རྒྱ་ནག་གཞུང་ལ་གནད་དོན་དེ་དག་གླེང་དགོས་ཤིང་། ཡུ་རོབ་མནའ་འབྲེལ་གྱི་ཁོངས་སུ་ཚུད་པའི་རྒྱལ་ཁབ་ཀྱི་རྒྱལ་ས་དང་བསྟི་གནས་ཁག་ཏུ་ཞུ་གཏུགས་ལས་དོན་སྤེལ་དགོས་པ་གལ་ཆེན་རང་བཞིན་ཡིན་པ་ནན་བརྗོད་གནང་བྱུང་།
གནོད་འཚེའི་གནས་ཚུལ་མཁོ་སྤྲོད་དང་འགན་འཁྲི་འཁུར་ཕྱོགས།
སྐྱིད་གྲོང་དུ་གནོད་འཚེ་བྱུང་ནས་ཟླ་བ་གཅིག་ལྷག་འགྲོ་བཞིན་ཡོད་པའི་སྐབས་སུ་བོད་ཕྱོགས་ཀྱི་འདས་གྲོངས་དང་གར་སོང་ཆ་མེད་ཀྱི་མཐའ་མའི་གྲངས་ཐོ་དང་། འདས་པོའི་ངོ་རྟགས་ངོས་འཛིན་གྱི་གནས་སྟངས། གར་སོང་ཆ་མེད་དུ་གྱུར་བ་ག་ཚོད་བརྙེད་ཡོད་མེད་བཅས་གནས་ཚུལ་ཁ་གསལ་ཞིག་ད་ལྟའང་རྒྱ་ནག་གཞུང་གིས་གསལ་བསྒྲགས་བྱེད་ཀྱི་མེད་པ་རེད། ཆུ་ལོག་གི་བྱུང་བ་དེས་བོད་ནང་ནས་གནས་ཚུལ་ཐོབ་པར་དཀའ་ངལ་ཡོད་པའི་སྐོར་དོ་སྣང་ཞིག་སླེབས་ཡོད་ལ་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བོད་ནང་གི་གོད་ཆག་དང་རོགས་སྐྱོར་གྱི་དཀའ་ངལ་སྐོར་གསར་འགོད་བྱེད་ཡོད་པ་ལྟར་ད་རེས་ཡུ་རོབ་གྲོས་ཚོགས་ཀྱི་སྙན་ཐོ་དེས་རྒྱ་ནག་ལ་དྲི་བ་གལ་ཆེན་པོ་ཞིག་བཏང་གི་ཡོད། དྲི་བ་དེ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་ནག་གཞུང་གི་དངོས་ཡོད་གནས་ཚུལ་ཕྱི་གསལ་བྱ་དགོས་པའི་འབོད་སྐུལ་དེ་དངོས་ཡོད་ཀྱི་བྱ་སྤྱོད་ལ་འགྱུར་ཐུབ་ཀྱི་ཡོད་མིན་དེ་ཆགས་ཡོད།
རྩ་བའི་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་ཕྱི་ཟླ་ ༩ ཚེས་ ༢༩ ཉིན་བོད་མདོ་སྨད་ནས་ཡིན་པའི་བོད་མི་ཞིག་གིས་བོད་ནང་ཁུལ་དུ་གནས་ཚུལ་གསལ་པོ་ཤེས་ཀྱི་མེད་པ་དང་། དཔེར་ན། མི་ག་ཚོད་ཙམ་འདས་གྲོངས་སུ་སོང་བ་དང་མི་ག་ཚོད་ཙམ་ཞིག་གར་སོང་ཆ་མེད་དུ་གྱུར་བའི་གྲངས་ཐོར་རྫུན་བཟོ་བྱས་པའི་སྣང་ཚུལ་ཡོད་པ། ད་དུང་ཞལ་འདེབས་ཀྱི་སྐོར་ལ་མཚོན་ན། བོད་ནང་ནས་ཞལ་འདེབས་བསྡུ་རུབ་ཀྱི་ཐད་དོ་དམ་བྱས་པའི་གནས་ཚུལ་བྱུང་ཡོད་པ་ཡང་གསུངས་ཡོད།
དེ་ཡང་ཆུ་ལོག་གི་གོད་ཆག་གི་གནས་ཚུལ་ཁ་གསལ་མེད་པའི་གནད་དོན་དེ་དག་དང་རྒྱ་ནག་གིས་བོད་ཐོག་འཛིན་པའི་གཞི་རྒྱ་ཆེ་བའི་སྲིད་བྱུས་ལ་སྐྱོན་བརྗོད་གནང་ཡོད་པ་ད་རེས་ཡུ་རོབ་གྲོས་ཚོགས་ཀྱི་གྲོས་འཆར་དེའི་ནང་འཁོད་ཡོད།
བཅའ་སྡོད་སློབ་གྲྭ་དང་ཆོས་དད་རང་དབང་།
སྙན་ཐོ་དེའི་ནང་རྒྱ་ནག་གིས་བོད་ནང་དུ་ཐབས་བྱུས་ལྡན་པའི་ཐོག་ནས་བོད་ཀྱི་ཆོས་དང་རིག་གཞུང་། སྐད་ཡིག་བཅས་མི་རིགས་ཀྱི་ངོ་བོ་རྩ་མེད་གཏོང་བཞིན་པ་མ་ཟད། རྒྱ་ནག་གིས་བོད་ནང་གི་མནའ་བོའི་རིག་གནས་ཤུལ་བཞག་གི་ལྟེ་གནས་རྩ་གཏོར་བཏང་བ་དང་རྒྱ་ཁྱབ་ཀྱི་ལྟ་སྲུང་དམ་དྲག་བྱས་པ། དེ་བཞིན་བཙན་དབང་གི་ངལ་རྩོལ་རྒྱུག་བཅུག་པ་སོགས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པར་སེམས་འཚབ་ཆེད་འདོན་གནང་བ་མ་ཟད། ལྷག་པར་དུ་རྒྱ་ནག་གཞུང་གིས་བཅའ་སྡོད་སློབ་གྲྭའི་ནང་དུ་བོད་པའི་བྱིས་པ་ས་ཡ་གཅིག་ཙམ་ཕ་མ་དང་བཙན་དབང་གི་ཁ་བྲལ་བཏང་སྟེ་མི་རིགས་རྒྱ་སྒྱུར་དང་མཉམ་བསྲེས་ཀྱི་སློབ་སྦྱོང་སྤྲོད་བཞིན་པ་དང་འབྲེལ། བཅའ་སྡོད་སློབ་གྲྭའི་ལམ་ལུགས་དེས་བོད་པའི་བྱིས་པ་ཚོ་ཕ་མ་དང་ཁ་བྲལ་བཏང་བའི་སེམས་ཁམས་ཀྱི་ཛ་དྲག་དཀའ་ངལ་འཕྲད་པ་མ་ཟད། དེས་བོད་ཀྱི་སྐད་ཡིག་དང་གོམས་སྲོལ་ཡོངས་རྫོགས་ལ་དོ་ཕོག་ཤུགས་ཆེ་གཏོང་གི་ཡོད་སྟབས། བཅའ་སྡོད་སློབ་གྲྭའི་འགྲོ་ལུགས་དེ་འཕྲལ་དུ་མཚམས་འཇོག་བྱེད་དགོས་པ་འཁོད་འདུག
ད་དུང་སྙན་ཐོའི་བརྒྱུད་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་གྱི་བྱེད་སྒོ་ཁག་གི་ཐོག་ལ་ཐེ་བྱུས་བྱེད་བཞིན་པ་དང་། ལྷག་པར་དུ་མ་འོངས་༸རྒྱལ་བའི་ཡང་སྲིད་འདེམས་རྒྱུའི་བདག་དབང་རྩོད་ཐབས་བྱེད་བཞིན་པར་སྐྱོན་བརྗོད་དང་འབྲེལ། བོད་མིའི་ཆོས་དད་རང་དབང་སྲུང་སྐྱོབ་བྱ་རྒྱུ་དེ་ནི་བློས་གཏོང་བྱ་ཐབས་མེད་པའི་གནད་དོན་ཞིག་ཡིན་པ་མ་ཟད་གཞན་ཡང་རྒྱ་ནག་གི་བཙོན་འཇུག་འོག་གར་སོང་ཆ་མེད་དུ་གྱུར་བའི་༸ཀུན་གཟིགས་༸པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་གི་སྐོར་ལ་གནས་ཚུལ་ཕྱི་གསལ་བྱེད་དགོས་པ་བཅས་འཁོད་འདུག
མི་རིགས་མཐུན་སྒྲིལ་གྱི་ཁྲིམས་དང་རྒྱལ་མཚམས་བརྒལ་བའི་དྲག་གནོན།
རྒྱ་ནག་གིས་རྒྱ་སྐྱེད་གཏོང་བཞིན་པའི་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ལ་གདོང་ལེན་དང་འབྲེལ། ཡུ་རོབ་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་དཔོན་རིགས་དང་མཉམ་དུ་ཆབ་སྲིད་ཀྱི་འབྲེལ་བ་ནམ་བྱུང་ལ་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གླེང་དགོས་པ་དང་། ཚོང་དང་དཔལ་འབྱོར་གྱི་འབྲེལ་ལམ་ཁོ་ན་མ་ཡིན་པར། ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་གི་འབྲེལ་ལམ་ནང་དུ་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་སྲུང་སྐྱོབ་ཀྱི་གནད་དོན་འདི་གལ་ཆེ་བའི་ཆ་ཤས་ཤིག་ཏུ་བཞག་དགོས་པ་གསུངས་འདུག་ལ། དེ་ཡང་འདི་ལོ་ཕྱི་ཟླ་ ༤ ནང་ཡུ་རོབ་གྲོས་ཚོགས་ཀྱི་རྒྱ་ནག་གི་མི་རིགས་མཐུན་སྒྲིལ་སྐོར་གྱི་ཁྲིམས་གསར་པའི་ཐད་སེམས་འཚབ་ཡོད་པའི་གྲོས་ཆོད་བཏོན་ཡོད་པ་དང་། ཁྲིམས་ཡིག་འདིས་གྲངས་ཉུང་མི་རིགས་ཀྱི་སྨྲ་བརྗོད་དང་བསམ་བློའི་རང་དབང་། ཆོས་དད་རང་དབང་སོགས་ཡོངས་རྫོགས་སྔར་ལྷག་ཚོད་འཛིན་བྱེད་ངེས་ཡིན་པ་གསལ་སྟོན་གྱིས་རྒྱ་ནག་ངོས་ནས་ཁྲིམས་དེ་མེད་པར་བཟོ་དགོས་པའོ་སྐུལ་མ་གནང་ཡོད། གྲོས་ཆོད་དེས་རྒྱ་ནག་གི་ཁྲིམས་དེའི་ཁྱབ་ཁོངས་རྒྱ་ནག་གི་རྒྱལ་མཚམས་བརྒལ་བའི་དྲག་གནོན་བྱེད་ཕྱོགས་ཀྱི་ནང་གསེས་དོན་ཚན་ལ་སྐྱོན་བརྗོད་བྱས་པ་དང་དེ་དག་རྒྱལ་མཚམས་བརྒལ་བའི་དྲག་གནོན་གྱི་རྣམ་པ་ཡིན་ཞིང་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་ཚང་མས་རྒྱ་ནག་གཞུང་དང་ལྷན་དུ་རྒྱལ་མཚམས་བརྒལ་བའི་དྲག་གནོན་བྱེད་པའི་ཉེན་ཁ་ལས་སྐྱོབ་ཆེད་ཕྱིར་སྤྲོད་ཆིངས་ཡིག་མཚམས་འཇོག་དགོས་པའི་སྐུལ་མ་གནང་ཡོད་པ་རེད།།
