རྒྱ་ནག་གིས་གསར་དུ་གཏན་འབེབས་བྱས་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་ལ་ཡོ་རོབ་གྲོས་ཚོགས་ནས་སྐྱོན་བརྗོད་ཀྱི་གྲོས་ཆོད་ཅིག་བཞག་ཡོད་པ་དང་། ཁྲིམས་ཡིག་དེས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལ་གནོད་འཚེ་གཏོང་སྲིད་པ་མ་ཟད། ད་དུང་རྒྱ་ནག་དང་ཡོ་རོབ་མཐུན་ཚོགས་དབར་གྱི་འབྲེལ་ལམ་ལ་དོ་ཕོག་ཡོང་སྲིད་པའི་ཉེན་བརྡ་བཏང་ཡོད་འདུག
ཉེ་ཆར་ཚེས་ ༣༠ ཉིན་ཡོ་རོབ་གྲོས་ཚོགས་སུ་གཏན་འབེབས་བྱས་པའི་གྲོས་ཆོད་དེའི་ནང་། གྲོས་ཚོགས་ཀྱི་སྐུ་ཚབ་ཚོས་བོད་པ་དང་། ཡུ་གུར། ཁ་ཆེ་ཧུའེ་རིགས། སོག་པོ། མན་ཇུ་བཅས་རྒྱ་ནག་གི་གྲངས་ཉུང་མི་རིགས་ལ་དམིགས་པའི་བཙན་ཤེད་ཀྱིས་མི་རིགས་གཞན་བསྒྱུར་གྱི་སྲིད་བྱུས་ལ་སྐྱོན་བརྗོད་གནང་ཡོད་ཅིང་། ཁྲིམས་ཡིག་འདི་རྒྱ་ནག་གཞུང་གིས་ཟླ་ ༣ ཚེས་ ༡༢ ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐོག་གཏན་འབེབས་བྱས་པ་དང་། ཟླ་ ༧ ཚེས་ ༡ ཉིན་ནས་ལག་བསྟར་བྱ་རྒྱུ་ཡིན་པ་བརྗོད་ཡོད། ཁྲིམས་ཡིག་དེའི་ནང་ཤེས་ཡོན་དང་། བརྒྱུད་ལམ། སྤྱི་ཚོགས་ཀྱི་འཚོ་བ་བཅས་ཀྱི་ནང་རྒྱ་ཡིག་རྒྱ་སྐད་བེད་སྤྱོད་གཏོང་རྒྱུ་གཙོ་བོར་འཛིན་པ་དང་། རྒྱལ་ཁབ་ཀྱི་ལྟ་བ་སིམ་འཛུལ་བྱེད་ཤུགས་ཆེ་རུ་གཏོང་གི་ཡོད་པར་བརྟེན། ཡོ་རོབ་གྲོས་ཚོགས་ཀྱི་སྐུ་ཚབ་ཚོས་ཁྲིམས་ཡིག་འདི་ནི་རྒྱ་ནག་གི་ ༡༩༨༤ ལོའི་མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་ཡིག་ཅེས་པ་དེ་དང་མངོན་གསལ་དོད་པོས་རྒྱབ་འགལ་ཕྱིན་པའི་བྱ་སྤྱོད་ཅིག་ཡིན་པར་ངོས་འཛིན་གནང་འདུག
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཡོ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་ཡོ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་ཡིག་འདིར་སྐྱོན་བརྗོད་གནང་པ་འདིས། ད་ལྟ་བོད་ཀྱི་གནད་དོན་འདི་དཀའ་ངལ་སེལ་མེད་པ་དང་། འདས་པའི་ལོ་ངོ་དྲུག་ཅུ་ལྷག་གི་རིང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་༧རྒྱལ་བ་ཐམས་ཅད་མཁྱེན་པའི་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་གྲོས་འགོ་བཏོན་གནང་མཛད་པ་ནས་བཟུང་སྟེ་རྒྱལ་སྤྱིའི་ཁྲིམས་དང་དྲང་བདེན་གྱི་ཐོག་ལ་གཞི་བཞག་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་མ་འོངས་པའི་ཐོག་ལ་བཀའ་མོལ་ཞུས་ནས་དཀའ་ངལ་འདི་སངས་དགོས་པ་ཞིག་ཡིན་པར་ཡོ་རོབ་གྲོས་ཚོགས་དང་ཡོ་རོབ་མི་དམངས། ཡོ་རོབ་མཉམ་འབྲེལ་གྱི་སྒྲིག་འཛུགས་ནང་ཡོད་པའི་རྒྱལ་ཁབ་ ༢༧ བཅས་ཐུན་མོང་གིས་བཙུགས་པའི་ཡོ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་གཞུང་ལ་བརྡ་ལན་གསལ་པོ་ཞིག་བཏང་པར་ངོས་འཛིན་གནང་གི་ཡོད་པ་གསུངས་བྱུང་།
ཡང་ཡོ་རོབ་གྲོས་ཚོགས་ཀྱི་གྲོས་ཆོད་དེའི་ནང་རིག་གཞུང་དང་། ཆོས་ལུགས། སྐད་ཡིག་གི་ངོ་བོ་སྲུང་སྐྱོབ་བྱེད་རྒྱུ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་ནང་གཏན་འབེབས་བྱས་ཡོད་ཅེས་དང་། དེ་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་གསལ་བསྒྲགས་ནང་གཏན་འབེབས་གནང་བའི་ཚད་འཛིན་ས་ཞིག་ཡིན་པ་གསུངས་འདུག
ཡོ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་ཡིག་གསར་པ་འདིས་གྲངས་ཉུང་མི་རིགས་ཀྱི་རང་དབང་ལ་དམ་བསྒྲགས་བྱས་པ་མ་ཟད། རྒྱ་ནག་ཕྱི་ནང་གི་མི་རིགས་གཞན་བསྒྱུར་ཐད་ལ་སྐུལ་འདེད་གཏོང་བཞིན་པར་སེམས་འཚབ་ཆེན་པོ་ཡོད་པ་བརྗོད་འདུག་ལ། ལྷག་པར་དུ་ཕྱི་རྒྱལ་ལ་ཡོད་པའི་མི་སྒེར་ལ་ཁྲིམས་གཏུག་བྱེད་ཆོག་པའི་ཆ་རྐྱེན་དེས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་ཞེས་པ་ཡོང་སྲིད་པའི་ཉེན་བརྡ་བཏང་ཡོད།
དེར་བརྟེན་གྲོས་ཚོགས་ཀྱི་སྐུ་ཚབ་ཚོས་ཡོ་རོབ་མཐུན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཁག་གིས་རྒྱ་ནག་དང་མཉམ་དུ་བཞག་པའི་ཉེས་ཅན་རྩིས་སྤྲོད་ཀྱི་ཆིངས་ཡིག་ཁག་ལག་བསྟར་མཚམས་འཇོག་བྱས་ཏེ། ཡོ་རོབ་ཏུ་གནས་སྡོད་བྱེད་མཁན་རྣམས་ལ་ཁྲིམས་ཡིག་འདིའི་འོག་ནས་ཉེས་ཆད་མི་ཕོག་པ་བྱེད་དགོས་པའི་རེ་སྐུལ་གནང་འདུག
རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ཡིག་འདི་ཐོག་མར་བཟོ་མཁན་དང་ལག་བསྟར་བྱེད་མཁན་གྱི་དཔོན་རིགས་དང་ཚན་པ་ཁག་ལ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་གཏོང་མཁན་ཐོག་ནས་ཉེས་ཆད་ལམ་ལུགས་ལག་བསྟར་བྱེད་དགོས་པ་ཞེས་ད་རེས་གྲོས་ཆོད་འདིའི་ནང་ཡོ་རོབ་མཐུན་ཚོགས་ལ་ནན་སྐུལ་གནང་འདུག
ཡོ་རོབ་གྲོས་ཚོགས་ཀྱི་སྐུ་ཚབ་ཚོས་རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་ལུགས་ལས་དོན་ལ་ཐེ་ཇུས་བྱེད་པར་དགག་པ་བརྒྱབ་ཡོད་ཅིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཕེབས་ཕྱོགས་ནི་བོད་བརྒྱུད་ནང་བསྟན་གྱི་ལམ་སྲོལ་ཁོ་ནར་གཞི་བཞག་པའི་ཆོས་ལུགས་ཀྱི་གནད་དོན་གཙང་མ་ཞིག་ཡིན་དགོས་པར་ནན་བརྗོད་གནང་ཡོད་པ་དང་། དེ་བཞིན་ཡོ་རོབ་གྲོས་ཚོགས་ཀྱིས་པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་ ༡༡ པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། ཡུ་གུར་གྱི་མཁས་པ་ཨིལ་ཧམ་ཐོག་ཏི། བོད་ཀྱི་མཆོག་སྤྲུལ་རྡོ་རྗེ་བརྟན་རིན་པོ་ཆེ་སོགས་བཙོན་འཇུག་བྱས་པའི་མི་སྣ་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་གནང་འདུག

ཡང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཡོ་རོབ་སྤྱི་འཐུས་ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་མུ་མཐུད་གསུངས་པར། རྒྱ་ནག་གཞུང་གིས་བོད་མི་རིགས་ཀྱི་ངོ་བོ་རྩ་གཏོར་དང་། བོད་ཀྱི་སྐད་དང་ཡི་གེའི་ཐོབ་ཐང་རྩ་མེད་བཟོ་བའི་སྲིད་བྱུས་ངན་པ་འདི་མཚམས་འཇོག་མ་བྱེད་བར་དུ་ང་ཚོ་ཡོ་རོབ་གྲོས་ཚོགས་ངོས་ནས་མུ་མཐུད་ཕྱི་སྲིད་དང་ཆབ་སྲིད། དཔལ་འབྱོར་གྱི་ཐོག་ནས་གནོན་ཤུགས་སྤྲོད་རྒྱུ་ཡིན་པ་ལས་ཡལ་འགྲོ་རྒྱུ་ཞིག་མིན་པ་ད་རེས་ཀྱི་གྲོས་ཆོད་ཐོག་ནས་གསལ་པོ་མངོན་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
དེ་མིན་ཡང་གྲོས་ཆོད་དེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་མཐོ་རིམ་མི་སྣར་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐད་སྙན་ཐོ་གསར་པ་ཞིག་འདོན་དགོས་པ་དང་། ལྷག་པར་དུ་ ༢༠༢༦ ལོའི་འགྲོ་བ་མིའི་ཐབ་ཐང་གི་ཁྲིམས་ཡིག་འདིའི་ཐད་དམིགས་བསལ་དོ་སྣང་དགོས་པའི་རེ་སྐུལ་གནང་ཡོད་པ་མ་ཟད། ཡོ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོས་གྲོས་ཆོད་འདི་བཞིན་ཡོ་རོབ་མཐུན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཁག་དང་། འབྲེལ་ཡོད་ཀྱི་སྒྲིག་འཛུགས་ཁག རྒྱ་ནག་གཞུང་། མཉམ་འབྲེལ་རྒྱལ་ཚོགས། བོད་མིའི་སྒྲིག་འཛུགས་བཅས་ལ་ངོ་བཤུས་གཏོང་དགོས་པ་བཀོད་འདུག
རྒྱ་ནག་གཞུང་གིས་གྲོས་ཆོད་ནང་གི་སྐྱོན་བརྗོད་བྱས་པའི་འབྲུ་དོན་ཁག་ལ་ཁས་ལེན་མེད་པ་བརྗོད་འདུག དེ་ཡང་ཡོ་རོབ་མཐུན་ཚོགས་ཀྱི་བསྟི་གནས་སུ་བཅའ་སྡོད་རྒྱ་ནག་གི་དོན་གཅོད་མགྲིན་ཚབ་པས། གྲོས་ཆོད་དེས་རྒྱ་ནག་གི་ཁྲིམས་ལུགས་དང་མི་རིགས་སྲིད་བྱུས་ལ་ངན་སེམས་བཅངས་ནས་ནག་སུབ་གཏོང་གི་ཡོད་ཟེར་བརྗོད་འདུག་ལ། འགྲོ་བ་མིའི་ཐོབ་ཐང་ཁ་ལ་འཁྱེར་ནས་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱེད་མཚམས་འཇོག་དགོས་པ་དང་། བྱ་སྤྱོད་དེ་རིགས་ཀྱིས་ཡོ་རོབ་དང་རྒྱ་ནག་གི་འབྲེལ་ལམ་ལ་གཏོར་བཤིག་འགྲོ་སྲིད་པའི་ཉེན་བརྡ་བཏང་འདུག
དེ་མིན་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་ཏུ་བོད་ནང་ཡུལ་སྐོར་དང་སློབ་གསོ་སོགས་གང་ཅིའི་ཐད་ཡར་རྒྱས་ཕྱིན་སྐོར་དང་མི་རིགས་འཆམ་མཐུན། ཉིན་རེའི་བདེ་སྐྱིད་ཀྱི་འཚོ་བར་རོལ་བཞིན་ཡོད་པ་སོགས་ཀྱི་ཐོག་ནས་ཡོ་རོབ་གྲོས་ཚོགས་ཀྱི་གྲོས་ཆོད་འདི་བདེན་པ་མིན་པ་འགྲེལ་བརྗོད་བྱས་འདུག
ཡང་བོད་ནང་གི་བོད་མིས་ད་ལྟའི་བོད་ནང་གི་དམ་བསྒྲགས་སྲིད་བྱུས་ལ་མི་འདོད་པ་དང་བོད་ཕྲུག་རྒྱ་བསྒྱུར་གྱི་སྲིད་བྱུས་ལ་མི་འདོད་པ། བོད་ནང་གི་ཆོས་དད་རང་མོས་ཀྱི་གནས་སྟངས་ལ་དམ་བསྒྲགས་ཡོད་པ་སོགས་ཀྱི་གནས་སྟངས་ཡོད་རུང་། གནད་དོན་དེ་རིགས་བོད་ནང་རྩ་བ་ནས་གླེང་ཆོག་གི་མེད་པ་འགྲེལ་བརྗོད་གནང་གི་འདུག་ལ། ལྷག་པར་དུ་ད་ལྟ་བོད་ནང་དྲ་ལམ་ཐོག་ VPN བེད་སྤྱོད་བྱ་རྒྱུ་དཀའ་ངལ་ཆེ་རུ་ཕྱིན་ཡོད་དུས། དེ་བས་རྒྱ་ནག་གཞུང་གིས་ངོས་འཛིན་བྱས་པའི་རྣོ་ངར་གྱི་གནད་དོན་གླེང་རྒྱུར་དཀའ་ངལ་ཆེ་རུ་འགྲོ་རྒྱུ་ཡིན་པ་བརྗོད་ཀྱི་འདུག
ད་རེས་ཡོ་རོབ་གྲོས་ཚོགས་ཀྱི་གྲོས་ཆོད་འདིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ཡོ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་འགལ་བ་ཆེ་རུ་འགྲོ་བཞིན་པ་མཚོན་གྱི་ཡོད་པ་དང་། གྲོས་ཆོད་འདིས་ཡོ་རོབ་གྲོས་ཚོགས་ཀྱི་སྐུ་ཚབ་ཚོའི་ཆབ་སྲིད་ཀྱི་ལངས་ཕྱོགས་མཚོན་གྱི་ཡོད་ལ། མ་འོངས་པའི་ཕྱི་འབྲེལ་དང་དཔལ་འབྱོར་གྱི་མཉམ་ལས་ལ་ཤུགས་རྐྱེན་ཐེབས་སྲིད་པ་ཞིག་ཡིན་པར་ངོས་འཛིན་གནང་མཁན་འདུག
