ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༡༡ ཉིན་རྒྱ་གར་བྱང་ཤར་ཨ་རུ་ན་ཅཱལ་མངའ་སྡེའི་ནང་གི་ཤེས་ཡོན་དང་ཚོང་གི་བསྟི་གནས་གཙོ་གྲས་ཡིན་པ་ (Namsai) ནམ་སཱཡེ་ཞེས་པའི་ས་གནས་སུ་མེའོ་ཆོས་འཕེལ་གླིང་དང་ཏི་རྫུ་དར་རྒྱས་གླིང་བོད་མིའི་གཞིས་སྒར་མཉམ་རུབ་ཀྱིས་གོ་སྒྲིག་འོག་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུ་ཚེའི་མཛད་འཕྲིན་གསལ་སྟོན་གྱི་སྐུ་པར་འགྲེམས་སྟོན་དང་རིག་གཞུང་འཁྲབ་སྟོན་སོགས་གནང་ཡོད་པ་རེད།

ཨ་རུ་ན་ཅཱལ་མངའ་སྡེའི་གྲོས་ཚོགས་འཐུས་མི་ཆའོ་ ཛིང་ནུ་ ནམ་ཆུམ་ (Chau Zingnu Namchoom) ལགས་ཀྱིས་གཙོས་གནད་ཡོད་མི་སྣ་དང་། སློབ་ཕྲུག་མང་དག་ཅིག་གིས་མཉམ་ཞུགས་བྱས་འདུག་ལ། ས་གནས་མང་ཚོགས་ཀྱིས་དགའ་དད་སྤྲོ་གསུམ་གྱི་ངང་ནས་ཐུགས་སྣང་ཆེན་པོ་གནང་ཡོད་པ་འགྲེམས་སྟོན་ངོ་སྤྲོད་གནང་མཁན་འགྱུར་མེད་རྡོ་རྗེ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་ལ། འགྲེམས་སྟོན་གྱི་པར་རིས་སོགས་མཇལ་དུས་སྐུ་མགྲོན་རྣམ་པས་༧གོང་ས་མཆོག་གི་མཛད་རྣམ་ཐད་ལ་ཐུགས་སྣང་ཆེན་པོས་འདྲི་རྩད་གནང་སྟེ་གསལ་བཤད་ལན་འདེབས་བྱུང་བ་ཁག་ལ་ཡིད་སྨོན་སྐྱེས་པ་དེ་འདྲ་བྱུང་སོང་ཞེས་བརྗོད་བྱུང་།
མེའོ་ཆོས་འཕེལ་གླིང་བོད་མིའི་གཞིས་ཆགས་ནས་རྒྱང་ཐག་སྤྱི་ལེ་ ༥༠༠ སར་ཆགས་པའི་སྨན་ཆུ་ཁ་ཞེས་པའི་ས་གནས་ནི་བོད་དང་རྒྱ་གར་གྱི་ས་མཚམས་ས་ཁུལ་གལ་ཆེན་ཞིག་ཡིན་ལ་ཁུལ་དེར་གནས་སྡོད་བྱེད་མཁན་ཡུལ་མི་རྣམས་ནི་རྒྱ་ནག་གིས་བོད་བཙན་བཟུང་མ་བྱས་གོང་བོད་ཀོང་པོ་ས་ཁུལ་ནས་གནས་སྤོ་བྱེད་པ་མང་པོ་ཡོད་ཅིང་། ཁོང་ཚོའི་ཆས་གོས་དང་། ཡུལ་སྐད། རིག་གཞུང་། གོམས་སྲོལ་སོགས་བོད་ཀོང་པོ་དང་གཅིག་མཚུངས་ད་ལྟའང་གནས་ཡོད་པ་མེའོ་དང་སྨན་ཆུ་ཁར་ནད་པར་གསོ་བྱེད་ཀྱི་ལྟ་རྟོགས་གནང་མཁན་སྟོན་པ་སྐྱབས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།

