སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱཱ་དང་བསྟན་འགྲོ་སྤྱིའི་བདེ་ཐབས་ཀྱི་ཆེད་གདན་ས་ཆེན་པོ་སེ་འབྲས་དགའ་གསུམ་དང་། སྔ་འགྱུར་རྙིང་མའི་གདན་ས་དཔལ་ཡུལ་རྣམ་གྲོལ་གླིང་བཅས་སུ་ཆོ་འཕྲུལ་སྨོན་ལམ་དང་སྒྲུབ་ཆེན་ཚོགས་བཞིན་ཡོད་པ་རེད།
མཉམ་མེད་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱིས་རྒྱ་གར་གྱི་གཉན་ཡོད་དུ་མུ་སྟེགས་ཀྱི་སྟོན་པ་དྲུག་འཁོར་དང་བཅས་པ་ཆོ་འཕྲུལ་གྱི་སྒོ་ནས་ཕམ་པར་མཛད་པའི་དུས་ཆེན་ཁྱད་པར་ཅན་ཞིག་ཏུ་རྩིས་སྲོལ་གྱི་ཐོག་ནས་ཆོ་འཕྲུལ་དུས་ཆེན་ཞེས་མིང་ཐོགས་པ་དང་། དུས་ཆེན་འདི་སྲུང་བརྩི་ཞུ་སླད་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་ལྷ་ལྡན་སྨོན་ལམ་ཆེན་མོ་ཚོགས་སྲོལ་གསོལ་གཏོད་མཛད་དེ་རི་བོ་དགེ་ལྡན་པའི་གདན་ས་དང་གྲྭ་ཚང་ཁག་གི་ནང་དུ་སྨོན་ལམ་ཚོགས་ཀྱི་ཡོད་ཅིང་། དེ་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བསྟན་འཛིན་གྱི་སྐྱེས་ཆེན་རྣམས་སྐུ་ཚེ་ཡུན་དུ་བརྟན་པ་་དང་། འཛམ་གླིང་ནང་ཞི་བདེ་དར་ཞིང་མུ་གེ་ལ་སོགས་ཞི་ཐབས་སུ་གཙོ་བོ་དམིགས་པ་རེད་ཅེས་ཞྭ་སེར་བསྟན་པའི་མཛེས་རྒྱན་༧སྐྱབས་རྗེ་ཤར་པ་ཆོས་རྗེ་རིན་པོ་ཆེ་རྒྱུད་སྟོད་མཁན་ཟུར་དགེ་བཤེས་ངག་དབང་འབྱོར་ལྡན་མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཡང་སེར་བྱེས་དཔེ་ཁྲིད་དགེ་རྒན་དགེ་བཤེས་ངག་དབང་ཐོགས་མེད་ལགས་ཀྱིས། ༧རྒྱལ་བ་ཐམས་ཅད་མཁྱེན་པའི་སྐུ་ཚེའི་མཛད་འཕྲིན་རྒྱས་པ་དང་། སངས་རྒྱས་བསྟན་པ་རྒྱས་པའི་སྐུལ་སློང་འཛིན་ཏེ་སོ་སོའི་ངོས་ནས་མི་ཚེ་དོན་ལྡན་ཞིག་ཡོང་རྒྱུའི་ཆེད་སྨོན་ལམ་རྒྱག་གི་ཡོད་ཅེས་གསུངས་བྱུང་། གདན་ས་སེ་ར་བླ་སྤྱིའི་དབུ་ཟུར་ངག་དབང་འབྱུང་གནས་ལགས་ཀྱིས། སོ་སོའི་ངོས་ནས་སྐྱབས་འགྲོ་སེམས་སྐྱེད་ཙམ་ལས་འདོན་མི་ཐུབ་ཀྱང་འདིར་ཕན་ཡོན་ཆེན་པོ་ཡོད་པ་བསམ་བློར་འཁོར་གྱི་ཡོད་ཅེས་དང་། དེ་བཞིན་ཡང་སེར་བྱེས་དགེ་བཤེས་ལྷ་རམས་པ་བྱམས་པ་ཡོན་ཏན་ལགས་ཀྱིས། དེང་འཛམ་གླིང་ནང་དམག་འཁྲུག་དང་ནད་ན་ཚ་མང་པོ་ཞིག་ཡོད་པ་འདི་དག་རང་སར་ཞི་བ་དང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་རིས་མེད་ཀྱི་སྐྱེས་ཆེན་རྣམས་སྐུ་ཚེ་བརྟན་ཅིང་མཛད་འཕྲིན་རྒྱས་པའི་ཆེད་ང་ཚོས་སྨོན་ལམ་རྒྱབ་ཀྱི་ཡོད་རེད་ཅེས་གསུངས་། ཡང་སེར་བྱེས་དགེ་བཤེས་ལྷ་རམས་པ་སྣང་གསལ་རྒྱ་མཚོ་ལགས་ཀྱིས། ནང་ཆོས་དར་ཁྱབ་དང་དེས་འགྲོ་བ་མི་ལ་ཕན་ཐོགས་ཡོང་བའི་སྨོན་ལམ་རྒྱབ་ཀྱི་་ཡོད་ཅེས་གསུངས་བྱུང་།

ཤར་རྒྱལ་བ་དཔལ་ཡུལ་པའི་གདན་རབས་དང་པོ་རིག་འཛིན་ཀུན་བཟང་ཤེས་རབ་ཀྱིས་སྲོལ་གཏོད་མཛད་པའི་དཔལ་ཡུལ་པའི་སྒྲུབ་ཆེན་དེ་བཞིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཁོངས་སུ་ཡོད་པའི་་དཔལ་ཡུལ་རྣམ་གྲོལ་གླིང་དགོན་པར་ད་བར་ཆད་མེད་ཚོགས་བཞིན་ཡོད་ཅིང་། གཙོ་བོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཕྱཱ་དང་འཛམ་གླིང་ཞི་བདེ་སོགས་ཀྱི་ཆེད་ཚོགས་གནང་གི་ཡོད་པ་རྣམ་གྲོལ་གླིང་དགོན་པའི་དྲུང་ཆེ་མཁན་པོ་ཨོ་རྒྱན་མགོན་པོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་། དེ་ཡང་ཁོང་གིས་མུ་མཐུད་གསུང་པར། གཙོ་བོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་གཙོས་རིས་མེད་ཀྱི་སྐྱེས་ཆེན་དམ་པ་དེ་དག་གི་ཐུགས་ཀྱི་བཞེད་དོན་ལྷུན་གྱི་འགྲུབ་པ་དང་། སྨོན་ལམ་འདོན་རྒྱུ་དང་སྒྲུབ་ཆེན་ཚོགས་རྒྱུ་གང་ཡིན་ཡང་དམིགས་ཡུལ་གཙོ་བོ་བསྟན་པ་དང་སེམས་ཅན་རང་གི་ཆེད་དུ་དམིགས་ཀྱི་ཡོད་པ་བརྒྱ་ཆ་བརྒྱ་ཆགས་བསྡད་པ་རེད་ཅེས་གསུངས་བྱུང་།

དཔལ་ཡུལ་རྣམ་གྲོལ་གླིང་དུ་མཚོན་ན་དགེ་བཙུན་ཞལ་གྲངས་སུམ་སྟོང་མ་ཟིན་ཙམ་ཞིག་ཡོད་པ་རེད།།
བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།
