ཨ་རིར་གནས་སྡོད་རྒྱ་རིགས་གསར་འགོད་པ་ཞིག་གིས་དངོས་བདེན་གནས་ཚུལ་ལ་གཞིཊ་ཏེ་རྒྱ་རིགས་རྣམས་ཀྱི་བཙན་བྱོལ་བོད་མིར་ལྟ་ཕྱོགས་དངོས་ལ་ཞིབ་འཇུག་གིས་རྒྱ་ནག་གཞུང་གིས་འགྲེལ་བརྗོད་བྱེད་བཞིན་པའི་དྲིལ་བསྒྲགས་ལས་ལྡོག་སྟེ་གནས་ཚུལ་ཤེས་རྟོགས་བྱུང་ཡོད་པ་གསུངས་བྱུང་།
(Far from the rooftop of the world) ཞེས་འཛམ་གླིང་གི་ཡང་རྩེ་ནས་རྒྱང་ཐག་རིང་བ་ཞིག་ནས། ཞེས་ཨ་རིར་གནས་བཞུགས་རྒྱ་རིགས་གསར་འགོད་པ་ཨེ་མི་ཡི་ཡིས་གླིང་ཆེན་བཞིའི་ནང་གི་བོད་མི་སྐྱབས་བཅོལ་བ་རྣམས་ཀྱི་གཏམ་རྒྱུད་ལ་རྗེས་སུ་འབྲངས་ཏེ། བོད་མི་རྣམས་བོད་བཞག་སྟེ་བཙན་བྱོལ་ལུང་པར་གྱར་དགོས་བྱུང་སྟེ་གཞིས་ཆགས་ཚུལ་དང་། བརྒྱུད་རིམ་དེའི་ཁྲོད་བོད་ཀྱི་ངོ་བོ་དང་སྐད་ཡིག་རིག་གཞུང་སོགས་རྒྱུན་འཛིན་བྱེད་ཕྱོགས་ཀྱི་རྣམ་པ་དང་འབྲེལ་བའི་སྐོར་དཔེ་དེབ་ཅིག་བརྩམས་ཡོད་པ་དེའི་ཐོག་བགྲོ་གླེང་གནང་ཡོད་པ་རེད་ལ། འདི་ནི་གཙོ་བོ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་ཁ་ཐོབ་པའི་རྗེས་སུ་བོད་མིའི་གནས་སྟངས་ཐད་ཉམས་ཞིབ་བྱེད་རྒྱུའི་འདུན་པ་སྐྱེས་པ་ཞིག་རེད་འདུག དེ་ཡང་ཨེ་མི་ཡིས་ལགས་ཀྱིས། “དེ་སྔ་ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྐབས། ངས་གསར་འགྱུར་བཀོད་ཆེད་རྡ་སར་བཅར་སྐབས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་བཞུགས་གཙོ་སྐྱོང་གནང་བའི་གསར་འགོད་གསལ་བསྒྲགས་ཤིག་ལ་བཅར་རྒྱུའི་གོ་སྐབས་བྱུང་། ༧གོང་ས་མཆོག་གིས་གསར་འགོད་གསལ་བསྒྲགས་གྲུབ་རྗེས་༧གང་ཉིད་ཀྱིས་ང་ལ་གཟིགས་ཏེ་རྒྱ་རིགས་ཤིག་ཡིན་པ་མཁྱེན་དུས་ངའི་མགྲམ་པར་བྱམས་པོ་གནང་ཞིང་། སྐབས་དེར་བཀའ་གནང་དོན་ལ་གནད་དོན་འདི་དག་ནི་བོད་དང་རྒྱ་ནག་དབར་གྱི་གནད་དོན་ཡིན་པས་ང་ཚོས་ཕན་ཚུན་སྐད་ཆ་གཤོད་དགོས། ཁྱེད་ཀྱིས་ལན་བྱོས་ཨ་ཞེས་བཀའ་གནང་བྱུང་བས། སྐབས་དེར་ང་ལ་ཚོར་བ་དམིགས་བསལ་ཅན་ཞིག་བྱུང་ལ། སྐབས་དེར་བཞུགས་སྒར་དུའང་བོད་མི་རྣམས་ཀྱིས་ཁྲོམ་གཞུང་དུ་ཞི་བའི་ངོ་རྒོལ་དང་མར་མེ་ཁྲོམ་སྐོར་སོགས་བྱེད་བཞིན་པ་མཐོང་དུས། དེ་ལྟ་བུ་ནི་བོད་ནང་རང་དབང་མེད་པས། བཙན་བྱོལ་ནང་དུ་བོད་མི་རྣམས་ཀྱིས་རང་དབང་སྤྱོད་བཞིན་པར་ཧ་ཅང་ཡ་མཚན་པོ་བྱུང་།” ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་ལ། གཞན་ཡང་ཁོང་གིས་སྤྱིར་བཙན་བྱོལ་བོད་མི་རྣམས་ཀྱི་སྤྱི་ཡོངས་ཀྱི་བཟང་སྤྱོད་ལྡན་པའི་གཤིས་ཀ་སོགས་ལ་ཡིད་སྨོན་ཆེན་པོ་སྐྱེ་ཡི་ཡོད་པ་གསུངས་བྱུང་། དེ་ཡང་ཁོང་གིས། “རྒྱ་རིགས་མང་པོ་ཞིག་གིས་དེ་སྔ་རྒྱ་ནག་ཏུ་བསྡད་སྐབས་བོད་དོན་སྐོར་རྒྱ་ནག་གཞུང་ངོས་ནས་བཤད་པ་ལས། གཞན་གསལ་པོ་ཤེས་ཀྱི་མེད་ཀྱང་། ད་ཆ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་བྱེད་མཁན་རྒྱ་རིགས་མང་པོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མཇལ་བ་དང་བཙན་བྱོལ་བོད་མི་རྣམས་དང་ཐུག་འཕྲད་སོགས་བརྒྱུད། རྒྱ་ནག་མི་སེར་དང་བོད་མི་གཉིས་ཀའི་མངོན་འདོད་གཅིག་པ་ཡིན་ཏེ། གཉིས་ཀས་རང་དབང་འདོད་ཀྱི་ཡོད་པ་ཤེས་རྟོགས་ཐུབ་ཡོད། ངས་དེབ་དེ་བྲིས་པའི་བརྒྱུད་རིམ་ཁྲོད་རྡ་ས་དང་ལྡི་ལི། ལྷོ་ཕྱོགས་སྦེ་ལ་ཀོ་པི་ཁུལ་གྱི་བོད་མི་མང་དག་ཅིག་དང་ཐུག་འཕྲད་བྱུང་སོང་། ཁོ་ཚོས་ང་རྒྱ་མི་ཞིག་ཡིན་པར་མི་དགའ་བ་བྱེད་རྒྱུ་ལས་ལྡོག་སྟེ། དེ་བས་དགའ་བ་བྱེད་ཀྱི་འདུག་ལ། ཐེངས་གཅིག་ངས་བོད་མི་ཞིག་ལ་སྐད་ཆ་ཡང་དྲིས་མྱོང་ཡོད་ལ་སྐབས་དེར་ཁོང་གིས། ང་ཚོ་རྒྱ་ནག་གཞུང་ལ་དགའ་པོ་མེད་པ་མ་གཏོགས་རྒྱ་ནག་མི་མང་ལ་མི་དགའ་བ་བྱེད་ཀྱི་མེད་ཅེས་གསུངས་དུས། ཚོར་བ་དམིགས་བསལ་ཅན་ཞིག་བྱུང་།” ཞེས་གསུང་གི་འདུག
ཨེ་མི་ལགས་ཀྱིས་བརྩམས་པའི་དཔེ་དེབ་དེའི་ནང་། དགེ་འདུན་པ་སྟོབས་ལྡན་ལགས་དང་། མ་བྱན་དང་ཆབ་སྲིད་བཙོན་ཟུར་ནོར་བུ། ལྷ་ས་ནས་ཁོ་ཚོའི་འབྲིང་རིམ་འཚོ་བ་བཞག་སྟེ་བཙན་བྱོལ་དུ་ཡོང་དགོས་བྱུང་བའི་བཟའ་ཚང་བདེ་སྐྱིད་དང་དོན་གྲུབ་བཅས་ལ། རྒྱ་གར་གྱི་ས་གནས་ཁག་དང་། གླིང་ཆེན་བཞིའི་ནང་བསྐྱོད་པར་རྗེས་དེད་བྱས་ཏེ། ས་གནས་དེ་དག་གི་ནང་ཁོ་ཚོས་བཙན་བྱོལ་བ་ཞིག་ཡིན་པའི་ཆ་ནས་འཚོ་བ་དང་མི་ཚེ་གསར་པ་སྐྱེལ་པ་དང་། གཞན་ཡུལ་དུ་བོད་ཀྱི་ངོ་བོ་དང་རིག་གཞུང་རྒྱུན་འཛིན་ཇི་ལྟར་བྱེད་བཞིན་པའི་རྣམ་པ་ཞིག་བཀོད་འདུག་ལ། རྩོམ་པ་པོ་དང་གསར་འགོད་པ་ཨེ་མི་ཡི་ཡིས། དཔེ་དེབ་དེ་ནི་ད་ཆ་དབྱིན་ཡིག་ཏུ་ཡོད་ཀྱང་ཁོང་གིས་རིང་མིན་དཔེ་དེབ་དེ་རྒྱ་ཡིག་ཏུ་བསྒྱུར་ཏེ། དམིགས་བསལ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་གནས་སྡོད་རྒྱ་རིགས་མང་པོར་སྙོབ་ཐུབ་པའི་རེ་བ་གནང་གི་འདུག
གཞན་ཡང་དཔེ་དེབ་དེའི་སྔོན་གླེང་དུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། དེབ་དེའི་བརྒྱུད་ཀློག་པ་པོ་ཚོས་བོད་མི་རྣམས་ཀྱི་ཞི་བདེ་དང་ཆེ་མཐོང་ལྡན་པའི་ཐོག་རང་དབང་གི་རེ་འདུན་སོགས་ཀྱི་སྐོར་གོ་རྟོགས་རྒྱ་གང་ཆེ་སྤེལ་ཐུབ་པའི་ཐུགས་རེ་གནང་གི་ཡོད་པའི་ཕྱག་བྲིས་སྩལ་འདུག
ཨ་རིར་གནས་སྡོད་རྒྱ་རིགས་ (Amy Yee) ལགས་ནི་ད་ལྟའི་ཆར་ Chicago Sun Times ནང་གསར་འགོད་ལས་རིགས་གཉེར་བཞིན་པ་དང་། ཁོང་གིས་དེ་སྔ་གསར་འགྱུར་ལས་ཁང་ཆེ་ཁག་ནང་ཕྱག་ལས་དང་རྩོམ་རིག་འདོན་སྤེལ་སོགས་ཀྱང་གནང་མྱོང་ཡོད་འདུག
པར་ལེན་དང་བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
