ལྷོ་ཨ་ཧྥི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་“སྣུམ་གྱི་མེ་སྲེག་འབར་མདེལ་" གཡུགས་འདུག

ལྷོ་ཨ་ཧྥི་རི་ཀར་སྐུ་ཚབ་ཀྱི་བཞུགས་གནས་དང་དོན་གཅོད་ཁང་ལ་དྲག་རྒོལ་བྱས་པའི་རྒྱབ་ཏུ་ཆབ་སྲིད་ཀྱི་ཤུགས་ཤིག་ཡོད་སྲིད་པའི་དོགས་པ།

ལྷོ་ཨ་ཧྥི་རི་ཀའི་སེན་ཅུ་རི་ཡོན་ (Centurion) གྲོང་ཁྱེར་གྱི་ལི་ཊལ་ཊོན་མ་ནོར་ (Lyttelton Manor) ས་ཁུལ་དུ་ཡོད་པའི་༸གོང་ས་མཆོག་གི་ལྷོ་ཨ་ཧྥི་རི་ཀའི་སྐུ་ཚབ་དོན་གཅོད་ལས་ཁུངས་དང་དོན་གཅོད་དོན་གྲུབ་རྒྱལ་པོ་ལགས་ཀྱི་བཞུགས་གནས་ལ་ཕྱི་ཟླ་ ༡༠ ཚེས་ ༡༤ ཡི་མཚན་མོ་ “སྣུམ་གྱི་མེ་སྲེག་འབར་མདེལ་“ གཡུགས་ནས་མེ་སྐྱོན་ཚབས་ཆེན་བྱུང་སྟེ་ཁང་མིག་མང་པོ་མེས་འཚིགས་པ་དང་། ལྷག་པར་དུ་དོན་གཅོད་ལས་ཁུངས་ཀྱི་ཡིག་ཆ་དང་ཅ་དངོས་མང་པོ་མེས་འཚིགས་ཡོད་ན་ཡང་དོན་གཅོད་དོན་གྲུབ་རྒྱལ་པོ་ལགས་དང་ཆོས་དགེ་མཁན་པོ་འཇམ་དབྱངས་མགོན་པོ་ལགས་ལ་གནོད་སྐྱོན་ཆེ་བ་བྱུང་མི་འདུག

ལྷོ་ཨ་ཧྥི་རི་ཀར་སྐུ་ཚབ་ཀྱི་བཞུགས་གནས་དང་དོན་གཅོད་ཁང་ལ་དྲག་རྒོལ་བྱས་པའི་རྒྱབ་ཏུ་ཆབ་སྲིད་ཀྱི་ཤུགས་ཤིག་ཡོད་སྲིད་པའི་དོགས་པ།
ལྷོ་ཨ་ཧྥི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་“སྣུམ་གྱི་མེ་སྲེག་འབར་མདེལ་གཡུགས་འདུག” ལྷོ་ཨ་ཧྥི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་གནོད་འཚེ་བཏང་བ། (ལྷོ་ཨ་ཧྥི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་།)

དོན་གཅོད་དོན་གྲུབ་རྒྱལ་པོ་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་པར། ཚེས་ ༡༤ ཡི་མཚན་མོ་ཆུ་ཚོད་ ༡༡ ཡོལ་ཙམ་ལ་ཤེལ་སྒོ་ཆག་པའི་སྒྲ་ཐོས་པ་དང་ཁང་པའི་ནང་ལ་དུ་བས་ཁེངས་པ་མཐོང་ཕྲལ་ལམ་སེང་སྒེའུ་ཁུང་བཅག་སྟེ་ཕྱིར་ཐོན་ཐུབ་པ་དང་། ད་དུང་འབར་མ་ཐུབ་པའི་སྣུམ་གྱི་མེ་སྲེག་འབར་མདེལ་གཞན་ཞིག་སྒེའུ་ཁུང་སྟེང་འཕྱང་ནས་ཡོད་པ་དང་། སྐབས་དེ་དུས་ཤེལ་ཧྲུག་གིས་རྐང་པར་རྨས་སྐྱོན་ཅུང་ཙམ་བྱུང་སྐོར་གསུངས་བྱུང་། ད་རེས་དོན་གཅོད་ཀྱི་བཞུགས་གནས་དང་དོན་གཅོད་ལས་ཁུངས་ཀྱི་ཁང་པར་དྲག་རྒོལ་བྱས་པ་འདིའི་ངོ་བོར་བལྟས་ན། རྐུན་མ་འཕྲོག་བཅོམ་དེ་འདྲ་མ་ཡིན་པར། དེའི་རྒྱབ་ཏུ་ཆབ་སྲིད་ཀྱི་བརྡ་ལན་ཞིག་སྤྲོད་ཀྱི་ཡོད་པ་ལྟ་བུའི་དོགས་པ་གནང་ཞིང་། དོན་གྲུབ་རྒྱལ་པོ་ལགས་ཀྱིས་གསུངས་དོན་དུ། འཇིགས་སྐུལ་ཉེན་བརྡའི་རྣམ་པ་ཞིག་མངོན་གྱི་ཡོད་པས། དེར་འཇིགས་པ་དང་ཞུམ་པའི་གནས་སྟངས་གང་ཡང་མེད་པ་དང་། དོན་རྐྱེན་འདིའི་རྒྱབ་ཏུ་ཆབ་སྲིད་ཀྱི་ཤུགས་རྐྱེན་ཞིག་ཡོད་སྲིད་པར་ང་ཚོས་དོགས་པ་བྱེད་ཀྱི་ཡོད་ཅེས་གསུངས་བྱུང་།

དོན་རྐྱེན་གྱི་རྒྱབ་ལྗོངས་དང་ཉེན་རྟོག་པའི་ཞིབ་འཇུག

ལྷོ་ཨ་ཧྥི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་དྲག་རྒོལ་གྱི་དོན་རྐྱེན་འདི་སུས་བརྩམས་པ་ཡིན་མིན་དང་དམིགས་ཡུལ་གང་ཡིན་ཉེན་རྟོག་པས་ཞིབ་འཇུག་མ་ཚར་བར་བརྗོད་ཁག་པོ་ཡིན་པ་དང་། ང་ཚོས་ལྷོ་ཨ་ཧྥི་རི་ཀའི་མི་མང་ལ་མི་དགའ་བ་བྱེད་དོན་མེད་ལ། ལྷོ་ཨ་ཧྥི་རི་ཀའི་མི་མང་གིས་ཀྱང་ང་ཚོར་མི་དགའ་བ་བྱེད་དགོན་གང་ཡང་མེད། དེ་བས་བོད་དོན་ལ་ཤེས་རྟོགས་ཡོད་མཁན་ཚོས་ང་ཚོར་ཤ་ཚ་དང་རྒྱབ་སྐྱོར་བྱེད་མཁན་མ་གཏོགས་མི་དགའ་བ་བྱེད་མཁན་གཅིག་ཀྱང་མཐོང་མ་བྱུང་། དམིགས་བསལ་ལྷོ་ཨ་ཧྥི་རི་ཀའི་ནང་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་པོ་ཡོད་པ་དང་། ད་རེས་དོན་གཅོད་ཁང་ལ་དྲག་རྒོལ་བྱས་པར་ཚང་མས་དོ་ཁུར་གནང་གི་ཡོད་སྐོར་དོན་གཅོད་ནས་གསུངས་བྱུང་།

དོན་རྐྱེན་དེ་བྱུང་མཚམས་ས་གནས་མེ་གསོད་རུ་ཁག་གིས་མེ་བསད་མཚམས་སུ་ལི་ཊལ་ཊོན་ (Lyttelton) ས་གནས་ཉེན་རྟོག་པས་དོན་རྐྱེན་ལ་ཞིབ་འཇུག་བྱེད་བཞིན་ཡོད་ཀྱང་། ས་གནས་ཉེན་རྟོག་ལས་ཁུངས་ཀྱི་མགྲིན་ཚབ་པ་ Brigadier BM Muridili ཡིས། “ད་ལྟའི་ཆར་དྭོགས་གཞི་ཡོད་པའི་མི་སྣ་འཛིན་བཟུང་བྱ་རྒྱུ་བྱུང་མེད་“ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ལྷོ་ཨ་ཧྥི་རི་ཀར་སྐུ་ཚབ་ཀྱི་བཞུགས་གནས་དང་དོན་གཅོད་ཁང་ལ་དྲག་རྒོལ་བྱས་པའི་རྒྱབ་ཏུ་ཆབ་སྲིད་ཀྱི་ཤུགས་ཤིག་ཡོད་སྲིད་པའི་དོགས་པ།
ལྷོ་ཨ་ཧྥི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་“སྣུམ་གྱི་མེ་སྲེག་འབར་མདེལ་གཡུགས་འདུག” ལྷོ་ཨ་ཧྥི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་ཟུར་ཞིག (ལྷོ་ཨ་ཧྥི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་།)

ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་དྲག་རྒོལ་ནི་ཐེངས་གཉིས་པ་ཆགས་ཤིང་། འདི་ལོ་ཟླ་ ༧ ཚེས་ ༦ སྟེ་༸གོང་ས་མཆོག་གི་༧སྐུའི་འཁྲུངས་སྐར་ཉིན་མོ་དེར་བཞུགས་གནས་སུ་སྣུམ་གྱི་འབར་མདེལ་གསུམ་གཡུགས་ཡོད་པ་དང་། དེ་དུས་སྣུམ་གྱི་འབར་མདེལ་གཅིག་ལས་འབར་མེད་པར་བརྟེན་གནོད་སྐྱོན་ཆེ་བ་བྱུང་མེད་པ་རེད་འདུག

སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱིས་ཕྱི་ཟླ་ ༧ པའི་ནང་“སྣུམ་གྱི་མེ་སྲེག་འབར་མདེལ་" གཡུགས་པའི་གནས་དོན་ཐད་ལའང་ས་གནས་ཀྱི་ཉེན་རྟོག་ལས་ཁུངས་སུ་ཞུ་སྐུལ་དང་ཐོ་འགོད་སྙན་གསེང་གནང་ཡོད་པ་རེད།

དོན་གྲུབ་རྒྱལ་པོ་ལགས་ནི་ ༢༠༢༦ ལོའི་ཟླ་གསུམ་པ་ནས་ལྷོ་ཨ་ཧྥི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཀྱི་ཐུགས་འགན་བཞེས་ཡོད་འདུག

རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་དོ་སྣང་།

ལྷོ་ཨ་ཧྥི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དུ་སྣུམ་གྱི་འབར་མདེལ་གཡུགས་པའི་དོན་རྐྱེན་འདི་བྱུང་པའི་རྗེས་སུ་ཌེས་མོནཌ་དང་ལི་ཡ་ཊུ་ཊུ་རྒྱུན་འཛིན་ཐེབས་རྩས་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། དྲག་པོའི་རྒོལ་རྡུང་འདི་ནི་ལྷོ་ཨ་ཧྥི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་ལོ་འདིའི་ནང་ཐེངས་གཉིས་པ་ཡིན་ཞིང་། ཉེན་རྟོག་པས་དོན་རྐྱེན་གཉིས་ཀར་མྱུར་དུ་ཞིབ་ཚགས་ངང་ཞིབ་འཇུག་བྱ་དགོས་པ་དང་། སྐུ་ཚབ་ལས་ཁུངས་ལ་བདེ་འཇགས་ཀྱིས་འགན་སྲུང་གདེང་ངེས་སྤྲོད་དགོས་པའི་རེ་སྐུལ་གནང་འདུག་ལ། མི་ཞིག་གི་རིགས་རྒྱུད་དང་ཡོང་ཁུངས། ཡང་ན་དད་པའི་རྐྱེན་གྱིས་རང་གི་སྡོད་གནས་མེར་བསྲེགས་སྲིད་པའི་འཇིགས་སྣང་འོག་སྡོད་དགོས་པ་འདི་ལྷོ་ཨ་ཧྥི་རི་ཀའི་སྤྱི་ཚོགས་གང་ཞིག་ལའང་འཕྲད་མི་རུང་ཞིག་རེད་ཅེས་བརྗོད་འདུག

ཡང་ཌེས་མོནཌ་དང་ལི་ཡ་ཊུ་ཊུ་རྒྱུན་འཛིན་ཐེབས་རྩས་མུ་མཐུད་གསལ་བསྒྲགས་ནང་བཀོད་པར། ལྷོ་ཨ་ཧྥི་རི་ཀའི་གཞུང་གིས་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་དངོས་སུ་གཞུང་འབྲེལ་གྱི་ངོས་འཛིན་མེད་ཀྱང་། དོན་གཅོད་ཁང་གི་གནས་ཡུལ་དང་ལས་བྱེད་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ་ནི་གཞུང་གི་འགན་འཁྲི་ཡིན་པ་བརྗོད་འདུག

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཡི་ཤུའི་ཆོས་དཔོན་ཌེསྀ་མོནཌ་ཊུ་ཊུ་(Desmond Tutu)མཆོག
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ཡི་ཤུའི་ཆོས་དཔོན་ཌེསྀ་མོནཌ་ཊུ་ཊུ་(Desmond Tutu)མཆོག (AP)

དེ་བཞིན་བོད་རང་བཙན་སློབ་ཕྲུག་ཚོགས་པས་གསལ་བསྒྲགས་སྤེལ་བའི་ནང་། ལྷོ་ཨ་ཧྥི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་ཟླ་བ་བཞིའི་ནང་སྣུམ་གྱི་མེ་སྲེག་འབར་མདེལ་ཐེངས་གཉིས་པ་གཡུགས་པ་དེར་ངོ་རྒོལ་བྱས་ཏེ། དྲག་རྒོལ་དེ་རིགས་ནི་བོད་མིར་ཕྱི་རྒྱལ་དུ་རྒྱལ་མཚམས་བརྒལ་བའི་གནོན་ཤུགས་ཀྱི་ཉེན་ཁ་དང་འབྲེལ་ཡོད་སྲིད་པ་བརྗོད་ནས་ལྷོ་ཨ་ཧྥི་རི་ཀའི་ཉེན་རྟོག་པ་དང་གཞུང་གིས་དོན་རྐྱེན་གཉིས་ཀར་མྱུར་དུ་ཆ་ཚང་པོ་དང་། རང་དབང་ལྡན་པའི་ཞིབ་འཇུག་བྱ་དགོས་པ་དང་། ཆབ་སྲིད་ཀྱི་དམིགས་ཡུལ་དང་ཕྱི་རྒྱལ་གྱི་གཞུང་ཞིག་དང་འབྲེལ་ཡོད་མེད་ཀྱང་ཞིབ་འཇུག་བྱ་དགོས་པའི་རེ་སྐུལ་གནང་འདུག་ལ། དེ་བཞིན་ལྷོ་ཨ་ཧྥི་རི་ཀའི་བོད་མིའི་སྤྱི་ཚོགས་ལ་བདེ་འཇགས་སྲུང་སྐྱོབ་མྱུར་དུ་སྤྲོད་དགོས་པ་དང་། དོན་གཅོད་དོན་གྲུབ་རྒྱལ་པོ་ལགས་དང་བོད་མིའི་སྤྱི་ཚོགས་ལ་རྒྱབ་སྐྱོར་ཡོད་པ་སོགས་བརྗོད་འདུག

ཡང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཟླ་ ༡༠ ཚེས་ ༡༦ ཉིན་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་ལྷོ་ཨ་ཧྥི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་དྲག་རྒོལ་གྱི་དོན་རྐྱེན་འདིར་སྐྱོན་བརྗོད་དང་། ད་རེས་ཀྱི་དོན་རྐྱེན་འདི་དང་ཟླ་བ་བདུན་པའི་ནང་གི་དོན་རྐྱེན་གཉིས་ཀར་ཞིབ་འཇུག་ཆ་ཚང་པོ་ཞིག་བྱས་ཏེ་ཉེས་ཅན་པར་འགན་འཁྲི་འཁུར་དུ་འཇུག་དགོས་པ་དང་། ལྷོ་ཨ་ཧྥི་རི་ཀའི་ཕྱི་ནས་གནོན་ཤུགས་སམ་ཐེ་ཇུས་ཡོད་མེད་ཀྱང་རྩད་གཅོད་བྱ་དགོས་པའི་རེ་སྐུལ་གནང་འདུག

༡༩༩༧ ལོར་སྐབས་དེའི་སྲིད་འཛིན་ནེལ་སོན་མན་ཌེ་ལ་ཡི་མོས་མཐུན་འོག་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་བཙུགས་པ་དང་། ལས་ཁུངས་དེས་བོད་མི་དང་ལྷོ་ཨ་ཧྥི་རི་ཀའི་མི་མང་བར་རིག་གནས་དང་། སློབ་གསོ། ཆོས་ལུགས་བཅས་ཀྱི་བརྗེ་རེས་བརྒྱུད་ཕན་ཚུན་ཤེས་རྟོགས་ཆེ་རུ་གཏོང་བའི་ལས་དོན་གྲུབ་ཡོད་པ་བཀོད་འདུག རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ནས་དྲག་རྒོལ་འདིས་ལྷོ་ཨ་ཧྥི་རི་ཀའི་རྩ་ཁྲིམས་ཀྱིས་འགན་སྲུང་བྱས་པའི་གཞི་རྩའི་རང་དབང་ལ་ཐད་ཀར་བརྩི་མེད་རྡོག་རོལ་བཏང་བ་ཞིག་ཡིན་པར་བརྗོད་ནས་ལྷོ་ཨ་ཧྥི་རི་ཀའི་གཞུང་གིས་གནས་ཚུལ་འདིར་མྱུར་དུ་ཐེ་ཇུས་དང་ལན་འདེབས་བྱ་དགོས་པའི་རེ་སྐུལ་གནང་འདུག

ལྷོ་ཨ་ཧྥི་རི་ཀར་སྐུ་ཚབ་ཀྱི་བཞུགས་གནས་དང་དོན་གཅོད་ཁང་ལ་དྲག་རྒོལ་བྱས་པའི་རྒྱབ་ཏུ་ཆབ་སྲིད་ཀྱི་ཤུགས་ཤིག་ཡོད་སྲིད་པའི་དོགས་པ།
ལྷོ་ཨ་ཧྥི་རི་ཀའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་“སྣུམ་གྱི་མེ་སྲེག་འབར་མདེལ་གཡུགས་འདུག” ༡༩༩༦ ལོར་༧གོང་ས་མཆོག་དང་ལྷོ་ཨ་ཧྥི་རི་ཀའི་སྲིད་འཛིན་ནེལ་སོན་མན་ཌེ་ལ་ལྷོ་ཨ་ཧྥི་རི་ཀར་མཇལ་བ། (AP)

བཙན་བྱོལ་བོད་མི་དང་ལྷོ་ཨ་ཧྥི་རི་ཀའི་འབྲེལ་བ།

༸གོང་ས་མཆོག་དང་ལྷོ་ཨ་ཧྥི་རི་ཀའི་འབྲེལ་བ་ནི་ ༡༩༩༦ ལོའི་ཆིབས་བསྒྱུར་ནས་བཟུང་གཏིང་ཟབ་ཏུ་ཕྱིན་ཡོད། སྐབས་དེར་༸གོང་ས་མཆོག་ནས་སྲིད་འཛིན་ནེལ་སོན་མན་ཌེ་ལ་དང་ཌེས་མོནཌ་ཊུ་ཊུ་བཅས་དང་མཇལ་འཕྲད་གནང་ཡོད་ལ། ༡༩༩༧ ལོར་པི་རི་ཊོ་རི་ཡ་རུ་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་དངོས་སུ་བཙུགས་གནང་འདུག ཡང་ ༡༩༩༩ ལོར་ལྷོ་ཨ་ཧྥི་རི་ཀར་ཆིབས་བསྒྱུར་གནང་པ་དང་། འོན་ཀྱང་ ༢༠༠༩ ལོར་རྒྱལ་སྤྱིའི་ཞི་བདེའི་ཚོགས་འདུར་ཆིབས་བསྒྱུར་མཛད་འཆར་ཡོད་རུང་རྒྱ་ནག་དང་ཚོང་འབྲེལ་གི་ཐོག་ནས་ཐོངས་མཆན་ཕུལ་མེད་ལ། ༢༠༡༡ ལོར་ནས་ ཌེས་མོནཌ་ཊུ་ཊུ་དགུང་གྲངས་ ༨༠ ལ་ཕེབས་པའི་དགའ་སྟོན་ལ་༸གོང་ས་མཆོག་མགྲོན་འབོད་ཞུས་ཀྱང་། ཐོངས་མཆན་ཡུན་རིང་འགྱངས་ནས་མཐར་ཆིབས་བསྒྱུར་ཕྱིར་འཐེན་གནང་དགོས་བྱུང་ཡོད། ཡང་ ༢༠༡༤ ལོར་ནོ་སྦེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་ཚོའི་ཚོགས་འདུར་ཆིབས་བསྒྱུར་གནང་རྒྱུའི་མཛད་འཆར་ཡོད་ན་ཡང་ཐོངས་མཆན་གྱི་གནད་དོན་ཐོག་ནས་ཆིབས་བསྒྱུར་གནང་ཐུབ་མེད། སྐབས་དེ་དུས་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་སོགས་ཀྱིས་དེ་ནི་རྒྱ་ནག་དང་ལྷོ་ཨ་ཧྥི་རི་ཀའི་འབྲེལ་བའི་གནོན་ཤུགས་དང་འབྲེལ་བ་ཡོད་པར་བརྗོད་ཡོད་ལ། དམིགས་བསལ་ཌེས་མོནཌ་ཊུ་ཊུ་དང་༸གོང་ས་མཆོག་རྣམ་གཉིས་ནི་ལོ་མང་རིང་མཛའ་འབྲེལ་དམ་ཟབ་ཡོད་པ་དང་། སྐུ་ཞབས་ཌེས་མོནཌ་ཊུ་ཊུ་ཡིས་༸གོང་ས་མཆོག་ལ་ཐོངས་མཆན་མ་ཕུལ་པར་ཡོངས་ཁྱབ་ཀྱིས་ངོ་རྒོལ་ཡང་གནང་མྱོང་ཡོད་པ་མ་ཟད། ཆེད་མངགས་བཞུགས་སྒར་རྡ་རམ་ས་ལར་༸གོང་ས་མཆོག་མཇལ་བར་ཕེབས་ཡོད།

ཁ་སྣོན་གསར་འགོད། ནོར་སྡེ་སྒྲོལ་མ་དང་། བསྟན་འཛིན་བདེ་སྐྱིད།

བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།