ཉེ་བའི་ལོ་ཤས་ནང་། བོད་མཐོ་སྒང་དུ་རང་བྱུང་གནོད་འཚེ་ཆེ་གྲས་རིམ་པས་མང་དུ་ཕྱིན་ཡོད།
དཔེར་ན། ༢༠༢༥ ལོར་ཧི་མ་ལ་ཡའི་རི་རྒྱུད་ཀྱི་བྱང་ངོས་སུ་དིང་རིར་ས་ཡོམ་གྱི་གནོད་འཚེ་ཆེན་པོ་ཞིག་བྱུང་བ་དང་། ༢༠༢༦ ལོར་བོད་ཀྱི་སྐྱིད་གྲོང་དང་བལ་ཡུལ་གྱི་ས་མཚམས་སུ། འཁྱགས་རོམ་དང་བྲག་རི་ཉིལ་བ་ལས་འདམ་རྡོ་ཆུ་རུད་ཀྱི་གནོད་འཚེ་ཚབས་ཆེན་བྱུང་ཡོད།
གནམ་གཤིས་འགྱུར་ལྡོག་དང་གནོད་འཚེ།
རང་བྱུང་གནོད་འཚེ་དེ་ཚོས་བོད་མཐོ་སྒང་གི་ཉམས་ཞན་པའི་ས་ཁམས་གནས་སྟངས་དང་། བོད་ནང་གི་གསར་སྤེལ་ལས་གྲ་ཁག་གི་གནོན་ཤུགས་གཉིས་ལ་སླར་ཡང་དོ་སྣང་བྱེད་དགོས་པ་བཟོས་ཡོད།
རྒྱ་ནག་གི་ཆེད་ལས་མི་སྣས། ད་རེས་སྐྱིད་གྲོང་གི་གནོད་འཚེ་འདི་ནི་གནམ་གཤིས་ཚ་དྲོད་འཕེལ་བའི་ཤུགས་རྐྱེན་འོག་གངས་རིའི་ཞུར་ཚད་མགྱོགས་སུ་ཕྱིན་པ་བརྗོད་ཀྱི་ཡོད།
འོན་ཀྱང་ནུབ་ཕྱོགས་ཀྱི་ཆེད་ལས་མི་སྣས་འཁྱགས་རོམ་དང་བྲག་རིའི་སྲ་བརྟན་གྱི་གནས་སྟངས་ལ་ཤུགས་རྐྱེན་བྱུང་སྐོར་ཡང་བརྗོད་ཀྱི་ཡོད་འདུག
བོད་མཐོ་སྒང་གི་ཁོར་ཡུག་ལ་ཡུན་རིང་ཞིབ་འཇུག་གནང་མཁན་ཝང་ཝིལ་སླའོ་ནས། གནམ་གཤིས་ཚ་དྲོད་འཕེལ་བའི་ཁྲོད་ནས་ཤུགས་རྐྱེན་ཐེབས་པར་ངོས་འཛིན་བྱ་ཆོག་རུང་། ད་དུང་རྒྱུ་མཚན་གཞན་ཞིག་ནི་འཁྱགས་རོམ་བརྟན་པོ་མེད་པར་གྱུར་པའི་ས་ཁུལ་དུ་ ༢༠༡༥ ལོའི་བལ་ཡུལ་གྱི་ས་ཡོམ་ཆེན་པོ་བྱུང་པ་འདིའི་རྗེས་སུ་ཐེངས་མང་པོ་རི་ཉིལ་བ་འདིས་འཁྱགས་རོམ་འོག་གི་བྲག་རྡོའི་རིམ་པ་འདི་བརྟན་པོ་མེད་པ་ཆགས་ཡོད་སྐོར་གསུངས་བྱུང་།
སྐྱིད་གྲོང་གི་གནོད་འཚེ་འདི། བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་ལ་འགྱུར་བ་མྱུར་པོ་འགྲོ་བཞིན་པའི་དུས་སྐབས་ལ་བྱུང་ཡོད་ལ། ས་ཡོམ་དང་གནམ་གཤིས་ཚ་དྲོད་འཕེལ་བའི་ཤུགས་རྐྱེན་གྱིས་ཆུ་ལོག་བསྟུད་མར་ཐོན་པ་དང་། ཡང་ན་འདམ་རྡོ་ཆུ་རུད་ཐོན་སྲིད་པར་ཆེད་ལས་མི་སྣས་ངོས་འཛིན་གནང་གི་ཡོད།
བོད་ཁུལ་དུ་རང་བྱུང་གནོད་འཚེ་དང་མིའི་བྱ་སྤྱོད།
༢༠༡༨ ལོར་ཡར་ཀླུང་གཙང་པོའི་སྨད་རྒྱུད་ཀྱི་ཆུ་ཤུགས་གློག་ཁང་གི་ལས་གྲ་འགོ་བཙུགས་ས་ཕད་གྲོང་རྡལ་དུ་གངས་རུད་དང་རི་ཉིལ་བས་ཡར་ཀླུང་གཙང་པོའི་ནང་ལྷུང་ནས་དེ་རྗེས་ཆུ་ལམ་འགག་སྟེ་མཚེའུ་ཆགས་ཡོད་པ་ཝང་ཝིལ་སླའོ་ནས་གསུང་གི་འདུག་ལ། ༢༠༡༨ ལོར་ཉིང་ཁྲིའི་སྨན་གླིང་རྫོང་ཕད་གྲོང་རྡལ་དུ་མཚེའུ་རྡོལ་ནས་ཆུ་ལོག་བྱུང་པ་དང་། ཡང་ཕད་གྲོང་རྡལ་ལ་ཕྱི་ལོ་ ༢༠༡༧ ཟླ་ ༡༡ པའི་ནང་ས་ཡོམ་འགུལ་ཚད་རིམ་པ་ ༦.༩ བྱས་པའི་གནོད་འཚེ་བྱུང་མྱོང་ཡོད། འོན་ཀྱང་ས་ཁུལ་འདིར་རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་ཁང་གི་ལས་གྲ་མུ་མཐུད་སྤེལ་བཞིན་པ་རེད།
ཝང་ཝིལ་སླའོ་ནས་ངོས་འཛིན་གནང་དོན་ལ་གཞིགས་ན། རྒྱ་ནག་གི་ཆེད་ལས་བཟོ་བཀོད་པ་མང་པོས་ས་ཆ་འདིའི་ས་གཤིས་ཀྱི་ཉེན་ཁ་ཤེས་ཀྱི་ཡོད། བཟོ་བཀོད་པ་ཁག་གཉིས་ཡོད་པའི་ནང་ནས་ཁག་ཅིག་གིས་ས་གཤིས་ཉེན་ཁར་འགྲན་བསྡུར་བྱེད་ཀྱི་ཡོད།
རྒྱ་ནག་གཞུང་གིས་བོད་ཀྱི་ཆུ་བོའི་རྒྱུད་དུ་ཆུ་ཤུགས་གློག་ཁང་རིམ་པས་སྐྲུན་བཞིན་ཡོད་པའི་ཐོག་རི་བོ་བསྔོག་ནས་གཏེར་ཁ་བཏོན་བཞིན་ཡོད་ལ། གཞུང་ལམ་དང་ལྕགས་ལམ་སྐྲུན་ཆེད་རི་རྒྱུད་བརྟོལ་ནས་ཕུག་ལམ་བཟོ་བཞིན་ཡོད་པ་མ་ཟད། བོད་ཀྱི་ས་ཁུལ་མང་པོར་གསར་སྤེལ་ཁུལ་དང་འཛུགས་སྐྲུན་ལས་གྲྭ་རྒྱ་སྐྱེད་བཏང་བ། དེ་བཞིན་རི་འདེབས་མང་པོར་ཉི་ནུས་དང་རླུང་ནུས་ཀྱི་ཁེངས་པ། རི་ནས་རི་བར་གློག་སྐུད་ཀྱི་ལྕགས་དོང་གྲངས་ལས་འདས་པ་བཙུགས་པ། ལས་མི་དང་ཚོང་པ། ཡུལ་སྐོར་བ། མོ་ཊ་དང་འཕྲུལ་ཆས་ཀྱི་འགྲུལ་སྐྱོད་ཀྱང་མང་དུ་ཕྱིན་པ་སོགས་བོད་མཐོ་སྒང་གི་ལྷིང་འཇགས་ཀྱི་རྣམ་པ་འདི་མཐོང་རྒྱུ་མེད་པར་གྱུར་ཡོད།
ཡང་འདི་ཚོས་རང་བྱུང་གནོད་འཚེ་རེ་རེ་དང་ཐད་ཀར་འབྲེལ་བ་ཡོད་ཅེས་བཤད་ཐུབ་ཀྱི་མེད་ན་ཡང་། བོད་མཐོ་སྒང་ལ་གཞི་རྒྱ་ཆེ་བའི་གསར་སྤེལ་བྱས་པ་འདིས་ཉམས་ཞན་པའི་བོད་ཀྱི་ཁོར་ཡུག་དང་ས་གཤིས་ལ་ཤུགས་རྐྱེན་དང་ཉེན་ཁ་འཕྲད་རྒྱུ་ངེས་པ་ཡིན་པར་ཆེད་ལས་མི་སྣས་ངོས་འཛིན་གནང་གི་ཡོད།
བོད་མཐོ་སྒང་ནི་རྒྱ་ནག་གི་ཚོད་ལྟ་ཁང་ལྟ་བུར་འགྱུར་བ།
ཝང་ཝིལ་སླའོ་ཡིས་ཞེད་སྣང་ཆེ་བ་ཞིག་ནི་རྒྱ་ནག་དམར་ཤོག་གིས་ཅ་དངོས་མང་པོ་ཞིག་བོད་ལ་འཁྱེར་ནས་ཚོད་ལྟ་བྱེད་ཀྱི་ཡོད། བོད་འདི་ཚོད་ལྟ་ཁང་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་དང་། ཁོང་གིས་ཉི་ནུས་ཚ་ནུས་ལས་གྲྭ་དང་། ཆུ་འཐེན་ནུས་གསོག་གློག་ཁང་། ས་དྲོད་གློག་ཁང་སོགས་དཔེ་མཚོན་ལུང་འདྲེན་གནང་སྟེ། རྒྱ་ནག་གིས་བོད་དུ་གཉེར་བའི་ལས་གྲྭ་འདི་རྣམས་ཀྱི་ཁེ་ཕན་གཅིག་པུར་མ་བལྟོས་པར། ཕུགས་རྒྱང་རིང་པོའི་ཁོར་ཡུག་ལ་གྱོང་གུན་དང་མིའི་བྱ་སྤྱོད་ལས་བཟོས་པའི་ཤུགས་རྐྱེན་ཡང་མཉམ་དུ་དཔྱད་ཞིབ་དགོས་པ་གསུངས་ཀྱི་འདུག་ལ། ཉི་འོད་གློག་ནུས་སོགས་ཀྱིས་ས་ཁུལ་གྱི་ཚ་དྲོད་འཕེལ་བར་ཤུགས་རྐྱེན་བཟོ་བཞིན་ཡོད་འདུག
འདི་ནི་གསར་སྤེལ་ལ་ངོ་རྒོལ་བྱེད་པའི་གནད་དོན་མ་ཡིན་པར། ས་གཤིས་ཉམས་ཞན་པའི་ས་ཁུལ་ཞིག་ཏུ་གསར་སྤེལ་གྱི་ཚད་གཞི་དང་མྱུར་ཚད་གང་འདྲ་ཞིག་འཚམ་པ་ཡོད་མེད་ཀྱི་གནད་དོན་ཞིག་རེད།
བོད་ཀྱི་ཁོར་ཡུག་ལ་ཞིབ་འཇུག་གནང་མཁན་ཝང་ཝིལ་སླའོ་ནས་མུ་མཐུད་གསུངས་པར། རྒྱ་ནག་དམར་ཤོག་གི་ཆབ་སྲིད་འགོ་ཁྲིད་དང་ཚན་རིག་པ་སུ་ཡིན་རུང་། ལས་ཀ་ཞིག་བྱེད་པའི་སྐབས་སུ་ལས་ཀ་འདི་བྱས་ན་ཤུགས་རྐྱེན་ངན་པ་གང་ཡོད་མེད་ཐད་རྩ་བ་ནས་ཞིབ་འཇུག་བྱེད་ཀྱི་མེད་ཅེས་གསུངས་བྱུང་།

རྒྱ་ནག་གི་ལོ་ལྔ་ཚན་བཅོ་ལྔའི་འཆར་གཞི།
རྒྱ་ནག་གིས་བོད་འདི་རྒྱལ་ཁབ་ཀྱི་ནུས་པའི་བྱུང་ཁུངས་གཙང་མའི་རྟེན་གཞི་ཟེར་བ་ཞིག་སྐྲུན་རྒྱུ་ཡིན་པ་བརྗོད་ཡོད། དེ་ནི་རྒྱ་ནག་གི་ལོ་ལྔ་ཚན་བཅོ་ལྔའི་འཆར་གཞིའི་ནང་བོད་འདི་གལ་ཆེན་པོ་ཞིག་ཆགས་ཡོད་ཅིང་། དམིགས་བསལ་ཆུ་གློག་དང་ཉི་ནུས། རླུང་ནུས། ཆུ་འཐེན་ནུས་གསོག་སོགས་མུ་མཐུད་རྒྱ་སྐྱེད་བཏང་པ་དང་། བོད་ནས་གློག་རྒྱ་ནག་ནང་དུ་གཏོང་བའི་ལས་གྲྭའང་སྲིད་ཇུས་ཀྱི་ཆ་ཤས་སུ་བཀོད་ཡོད།
ཝང་ཝིལ་སླའོ་ནས་བོད་ནི་ད་ལྟ་གློག་མི་གདེང་བའི་ས་ཆ་ཞིག་མ་རེད། བོད་ཀྱི་གློག་ཕྱི་ལ་གཏོང་གི་ཡོད་པ་གསུངས་བྱུང་།
བོད་ཀྱི་ནུས་པའི་བྱུང་ཁུངས་གསར་སྤེལ་བྱས་པ་འདི་བོད་ཀྱི་དགོས་མཁོར་དམིགས་པ་ཞིག་མ་ཡིན་པར། ལོ་ལྔ་ཚན་བཅོ་ལྔའི་འཆར་གཞི་ལྟར་ན། རྒྱ་ནག་གི་དགོས་མཁོར་དམིགས་པའི་གསར་སྤེལ་ཞིག་ཆགས་ཡོད་ལ། མིས་བཟོས་རིག་ནུས་ཁྱབ་རྡལ་ཆེན་པོ་ཕྱིན་པའི་སྐབས་འདིར་རྒྱ་ནག་ལ་གློག་ནུས་དྲ་བ་དང་གློག་ཆས་ཀྱི་རྒྱུ་ཆ་ཁག་ཅིག་བོད་ནང་ནས་གཏེར་བཏོན་གྱིས་ནུས་པའི་བྱུང་ཁུངས་ཀྱི་སྲིད་ཇུས་ཆེན་པོའི་ཆ་ཤས་སུ་འགྱུར་བཞིན་པ་མཚོན་ཐུབ་རྒྱུ་ཡོད་པ་རེད།
ཡང་གསར་སྤེལ་དང་གནས་སྤོའི་སྲིད་ཇུས་རྒྱ་སྐྱེད་བཏང་པ་དང་མཉམ་དུ། བོད་མིའི་འཚོ་ཐབས་དང་ཐོན་སྐྱེད་ཀྱི་གནས་སྟངས་ལ་ཡང་ད་ཆ་འགྱུར་བ་འགྲོ་བཞིན་ཡོད།
རྒྱ་ནག་གཞུང་གིས་སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་དང་བོད་ཀྱི་ཆོས་དད་ལ་ཤུགས་རྐྱེན། དེ་བཞིན་བོད་མིར་ཤུགས་རྐྱེན་སོགས་ཀྱི་ཐད་བསམ་བློ་གཏོང་གི་མ་རེད་ཅེས་ཝང་ཝིལ་སླའོ་ནས་གསུངས་ཀྱི་འདུག
བོད་ནང་གི་བོད་མིས་རྒྱ་ནག་གཞུང་གིས་བོད་ནང་སྤེལ་བའི་ལས་གྲ་སྣ་ཚོགས་འདི་རྣམས་ཀྱི་གནས་ཚུལ་ཤེས་རྟོགས་ཀྱི་དབང་ཆ་དང་བསམ་ཚུལ་བརྗོད་དབང་གང་ཡང་མེད་པ་རེད་འདུག
བོད་མཐོ་སྒང་ལ་འཛམ་གླིང་གི་ཡང་རྩེ་དང་ཨེ་ཤེ་ཡའི་ཆུ་མཛོད་ཅེས་འབོད་སྲོལ་ཡོད།
བོད་ཀྱི་གངས་རི་དང་ཆུ་བོའི་འགྱུར་བ་ནི། བོད་ཀྱི་ཁོར་ཡུག་གནད་དོན་གཅིག་པུ་མ་ཡིན་པར། ཨེ་ཤེ་ཡའི་ཆུ་བོའི་བྱུང་ཁུངས་དང་གཤམ་རྒྱུད་ཀྱི་མི་འབོར་ཧ་ཅང་མང་པོའི་འཚོ་གནས་དང་འབྲེལ་ནས་ཡོད།
ད་ལྟ་བོད་ཀྱི་ཆུ་བོའི་ཐོན་ཁུངས་མང་པོ་ཡོད་རུང་ལོ་ངོ་ཉི་ཤུ་སུམ་ཅུའི་རྗེས་ལ་བོད་མཐོ་སྒང་གི་ཆུ་ཉུང་དུ་འགྲོ་སྲིད་པ་དང་དེའི་ཤུགས་རྐྱེན་ནི་རྒྱ་ཆེན་པོ་ཞིག་ཆགས་ཡོད།
ཨེ་ཤེ་ཡའི་ཆུ་མཛོད་ལ་རྟེན་ནས་འཚོ་གནས་བྱེད་མཁན་མི་དུང་ཕྱུར་མང་པོའི་ཆུའི་དགོས་མཁོ་ཇི་ལྟར་སྐོང་ཐུབ་མིན་འདི་གནད་དོན་ཆེན་པོ་ཞིག་ཆགས་རྒྱུ་ཡིན་པར་ཝང་ཝིལ་སླའོ་ནས་ངོས་འཛིན་གནང་གི་འདུག
གནམ་གཤིས་ཚ་དྲོད་འཕེལ་བ་ལས་འཁྱགས་རོམ་བཞུར་ཚད་ལ་ཤུགས་རྐྱེན་ཐེབས་ནས་ས་ཁུལ་ཁག་ཅིག་ཏུ་དང་ཐོག་ཆུ་རྒྱུན་འཕེལ་སྲིད་ཀྱང་། འཁྱགས་རོམ་གྱི་ཆུ་གསོག་རིམ་བཞིན་ཉམས་ན། ཆུ་རྒྱུན་ལ་འགྱུར་བ་ཆེན་པོ་འབྱུང་སྲིད་པ་རེད།
དེར་བརྟེན་བོད་མཐོ་སྒང་གི་མ་འོངས་གནས་སྟངས་ནི་གནམ་གཤིས་འགྱུར་ལྡོག་གཅིག་པུས་ཐག་གཅོད་བྱེད་ཀྱི་མེད་པར། གཞུང་ཕྱོགས་ཀྱིས་གཉེར་པའི་གསར་སྤེལ་གྱི་ཚད་གཞི་དང་མྱུར་ཚད། ལས་གྲྭའི་གཞི་ཁྱོན། ལྷག་པར་དུ་ཁོར་ཡུག་ས་ཁམས་ལ་དཔྱད་ཞིབ་ཚད་དང་ལྡན་པ་དགོས་རྒྱུ། ས་གནས་མི་དམངས་ཀྱི་བསམ་ཚུལ་སོགས་ཕྱོགས་མང་པོ་ནས་བསམ་གཞིགས་དགོས་རྒྱུ་འདི་གལ་ཆེན་པོ་ཆགས་ཡོད།
སྐྱིད་གྲོང་གི་གནོད་འཚེ་གཅིག་གིས་བོད་མཐོ་སྒང་གི་ཁོར་ཡུག་གནས་བབ་སྤྱི་ཡོངས་ལ་མཇུག་སྡོམ་བྱ་ཐུབ་རྒྱུ་མིན་ན་ཡང་། འདིས་རང་བྱུང་གནོད་འཚེའི་ཉེན་ཁ་ཆེ་བའི་བོད་མཐོ་སྒང་དུ། གསར་སྤེལ་གྱི་ཁེ་ཕན་དང་ཁོར་ཡུག་གི་གནས་སྟངས་གཉིས་མཉམ་དུ་བཞག་སྟེ། རང་བྱུང་ཁམས་འདིར་ཚད་ལས་བརྒལ་བའི་གསར་སྤེལ་བྱས་ན། མཐར་ཁེ་ཕན་ཁོ་ན་མ་ཡིན་པར་གནོད་འཚེའི་ཉེན་ཁ་ཞིག་ཏུ་འགྱུར་སྲིད་པའི་དྲན་སྐུལ་བྱུང་ཡོད།།
