རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ལོ་བདུན་གྱི་རྗེས་རྒྱ་གར་དུ་འབྱོར་གྱི་ཡོད་པ་དང་བསྟུན། ལྡི་ལིར་བོད་མི་ཚོས་རྒྱ་ནག་གི་བོད་ནང་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་གནང་པ་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་གཞོན་སྐྱེས་ཁག་ཅིག་གིས་སྦརིཀསི་ཚོགས་འདུ་ཚོགས་སའི་ཉེ་འགྲམ་གྱི་ས་ཚིགས་ཤིག་ཏུ་ལྕགས་ཧྲེང་སྟེང་དུ་འཛེགས་ཏེ་ཞི་ཅིན་ཕིང་ནི་མི་རིགས་རྩ་མེད་བཟོ་མཁན་ཞེས་དང་། བོད་ཀྱི་རྒྱལ་དར་འཕྱར་ཏེ་རྔམ་སྟོན་ལས་འགུལ་སྤེལ་བར། བོད་མི་གཞོན་སྐྱེས་རྣམས་རྒྱ་གར་གཞུང་གིས་འཛིན་བཟུང་དོ་དམ་བྱས་འདུག
བོད་རང་བཙན་སློབ་ཕྲུག་ཚོགས་པས་གནས་ཚུལ་སྤེལ་བ་ལྟར་ན། བོད་མི་དེ་དག་རྒྱ་གར་རྒྱལ་ས་ལྡི་ལིའི་ཏི་ཧར་ (Tihar Jail) བཙོན་ཁང་དུ་ཕྱི་ཚེས་ ༡༤ བར་བཀག་བསྐྱིལ་བྱེད་རྒྱུ་རེད་འདུག བོད་མི་ལས་འགུལ་བ་གསུམ་གྱིས་གཙོ་བོ་འཕྲེད་དར་ཕྱར་ཏེ་རྒྱ་ནག་གཞུང་གིས་བོད་ནང་མི་རིགས་རྩ་བརླག་གཏོང་བའི་སྲིད་བྱུས་གསལ་སྟོན་བྱ་ཐབས་གནང་ཡོད་པ་རེད།
ཕྱི་ཟླ་ ༩ ཚེས་ ༡༢ དང་ ༡༣ བཅས་ཉིན་གྲངས་གཉིས་རིང་རྒྱ་གར་གྱི་རྒྱལ་ས་ལྡི་ལིར། སྦརིཀསི་ (BRICS) ཞེས་པའི་རྒྱལ་ཁབ་ལྔའི་དབུ་ཁྲིད་ལྷན་ཚོགས་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་མཉམ་ཞུགས་བྱེད་ཀྱི་ཡོད་ཅིང་། འདི་ནི་རྒྱ་གར་དུ་ཞི་ཅིན་ཕིང་ཕྱོགས་སྐྱོད་ལ་འབྱོར་བ་ལོ་བདུན་གྱི་རྗེས་སུ་ཐོག་མར་ཆགས་ཡོད་ཅིང་། ཕྱི་ཟླ་ ༩ ཚེས་ ༡༡ ཉིན་གྱི་སྔ་དྲོར་རྒྱལ་ས་ལྡི་ལིར་རྒྱ་གར་ནང་གི་ས་གནས་མི་འདྲ་བ་ ༢༠ ནས་བོད་མི་ ༢༠༠ ལྷག་གིས། རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱ་གར་མི་མང་ལ་རྒྱ་ནག་གཞུང་གིས་བོད་ནང་འཛིན་པའི་སྲིད་བྱུས་དང་སྲིད་འཛིན་ཞི་ཅིན་ཕིང་ལ་ངོ་རྒོལ་གྱི་རྣམ་པ་གསལ་སྟོན་ཆེད་རྔམ་སྟོན་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་སོང་།
བོད་མིའི་དགོས་འདུན།
སྤོན་ཊ་ཆོལ་གསུམ་བོད་མིའི་གཞིས་ཆགས་ནས་ཡིན་པ་པདྨ་སྒྲོལ་མ་ལགས་ཀྱིས་གསུངས་དོན་དུ། ཞི་ཅིན་ཕིང་ལ་བོད་ཀྱི་གནད་དོན་ཐོག་ཐག་གཅོད་སོགས་གང་ཡང་བྱེད་པའི་ཐོབ་ཐང་མེད་ཅིང་། ཁྱེད་རང་རྒྱ་གར་དུ་སླེབས་པར་ང་ཚོས་ངོ་རྒོལ་བྱེད་ཀྱི་ཡོད་ལ། གཞན་ཡུལ་དུ་ལས་འགུལ་དེ་འདྲ་སྤེལ་དུས་རང་ལ་ལུང་པ་མེད་པས་རང་དབང་མེད་པ་ཤེས་ཀྱི་འདུག་པར་སེམས་ལ་སྐྱོ་སྣང་ཆེན་པོ་བྱུང་གི་འདུག་ཅེས་གསུང་གི་འདུག་ལ། མན་སྤར་ཕན་བདེ་གླིང་གཞིས་ཆགས་ནས་ཡིན་པ་པ་སངས་དོན་གྲུབ་ལགས་ཀྱིས་གསུངས་དོན་དུ། ལས་འགུལ་དེའི་བརྒྱུད་ཁོང་ལ་བོད་རང་བཙན་དགོས་པའི་ཚོར་བ་ཤུགས་ཆེན་པོ་ཡོང་གི་འདུག་ཅེས་དང་། སྐད་འབོད་བྱེད་རྒྱུ་ནི་ང་ཚོའི་ལས་འགན་ཆགས་ཀྱི་ཡོད། ཞི་ཅིན་ཕིང་འདིར་སླེབས་པར་མོས་མཐུན་མེད་ལ་ངོ་རྒོལ་བརྒྱ་ཆ་བརྒྱ་ཡོད་ཅེས་གསུང་གི་འདུག
ཡང་ལས་འགུལ་བ་བསྟན་འཛིན་དབང་དགའ་ལགས་ཀྱིས། ལས་འགུལ་དེའི་བརྒྱུད་ང་ཚོས་རྒྱ་ནག་སྲིད་འཛིན་ལ་རྒྱ་གར་དུ་དགའ་བསུ་ཞུ་ཡི་མེད་པའི་རྣམ་འགྱུར་བསྟན་གྱི་ཡོད་ཅེས་གསུང་གི་འདུག
ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་དེ་བཞིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་གནང་ཡོད་པ་དང་། དེ་འབྲེལ་ཚོགས་གཞོན་བཀྲ་ཤིས་རྟགས་རྒྱས་ལགས་ཀྱིས། རྒྱ་ནག་གཞུང་གི་སྲིད་འཛིན་ལྡི་ལིར་ཡོང་གི་ཡོད་པར་བོད་མི་རྣམས་ནས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་ཅིང་། ད་ལྟའི་སྐད་འབོད་ཀྱི་ལས་འགུལ་ནི་རྒྱ་གར་གཞུང་གིས་ལམ་སྟོན་གང་གནང་བ་ལྟར་བརྩི་སྲུང་གིས་ཁྲིམས་མཐུན་གྱི་ལས་འགུལ་སྤེལ་རྒྱུ་ཡིན་པ་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།
སྲིད་འཛིན་ཞི་ཅིན་ཕིང་ད་ཆ་ལོ་བདུན་གྱི་རྗེས་སུ་རྒྱ་གར་དུ་སླེབས་ཀྱི་ཡོད་ཀྱང་། བཙན་བྱོལ་བོད་མི་རྣམས་ཀྱིས། རྒྱ་ནག་གཞུང་གིས་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་ལག་བསྟར་དང་། བོད་མི་བློ་དགའ་རང་བཙན་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་བ། བལ་བོད་ས་མཚམས་སུ་འདམ་རུད་ཆུ་ལོག་གིས་རྐྱེན་པས་རྒྱ་ནག་གཞུང་གིས་ཕྱི་གསལ་ནང་གསལ་གྱིས་གནས་ཚུལ་མཁོ་སྤྲོད་བྱས་མེད་པ་སོགས་ཀྱི་ཐད་ལ་སྲིད་འཛིན་ཞི་ཅིན་ཕིང་རྒྱ་གར་དུ་སླེབས་ཀྱི་ཡོད་པའི་སྐབས་གསལ་སྟོན་བྱེད་ཀྱི་ཡོད་པ་དང་ངོ་རྒོལ་ཤུགས་ཆེ་ཡོད་པ་བཅས་དྲིལ་བསྒྲགས་གནང་ཡོད་པ་རེད།
ཐེངས་འདིར་བོད་མི་རྣམས་ཀྱིས་ལྡི་ལི་བསམ་ཡས་གླིང་བོད་མིའི་གཞིས་ཆགས་ནས་པན་ཇབ་སྦསི་ཏི་བར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྐབས་རྒྱ་གར་གཞུང་ངོས་ནས། དམག་མི་དང་ཉེན་རྟོག་པ་ཕོན་ཆེ་འགྲེམས་འཇོག་ཀྱིས། ཉེན་རྟོག་པ་དེ་དག་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་མ་གྲུབ་བར་བོད་མི་རྣམས་དང་མཉམ་དུ་བསྐྱོད་སོང་།
ཞི་ཅིན་ཕིང་ལོ་བདུན་གོང་ཏཱ་མིལ་ན་གྲུར་སླེབས་མྱོང་ཡོད་པ།
རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་དེ་སྔ་ཕྱི་ལོ་ ༢༠༡༩ ལོར་རྒྱ་གར་ལྷོ་ཕྱོགས་ཏཱ་མིལ་ན་གྲུ་མངའ་སྡའི་གྲོང་ཁྱེར་ཅེ་ནའི་ནང་ཚོགས་འདུ་ཞིག་ཏུ་མཉམ་ཞུགས་ཆེད་སླེབས་སྐབས་རྒྱ་གར་གྱི་སྲིད་བློན་མོ་དྷི་དང་ཐུག་འཕྲད་བྱུང་ཡོད་ཅིང་། ད་ཆ་རྒྱ་གར་ལ་མཚོན་ན་སྦརིཀསི་ཚོགས་འདུ་གཙོ་སྐྱོང་བྱེད་ཀྱི་ཡོད་པ་དེ་ཐེངས་བཞི་པ་དེ་ཆགས་ཀྱི་འདུག་ལ། ཐེངས་འདིའི་སྦརིཀསི་ཚོགས་འདུའི་དམིགས་ས་གཙོ་བོ་ནི་རྒྱ་ཁབ་དེ་དག་དབར་འབྲེལ་བ་སྲ་བརྟན་དང་། གསར་གཏོད། མཉམ་འབྲེལ་སོགས་གོང་མཐོར་གཏོང་ཆེད་དུ་དམིགས་པ་ཞིག་དང་། གནད་དོན་དབྱེ་ཞིབ་པ་མང་པོས་འདི་ནི་སྟོབས་ཆེན་རྒྱལ་ཁབ་ ༧ (G7) རྒྱལ་ཁབ་ཀྱི་མཉམ་སྦྲེལ་ལ་དོ་མཉམ་བྱེད་པའི་མཉམ་འདུས་ཀྱི་ཚོགས་འདུ་ཞིག་ཡིན་པར་ངོས་འཛིན་གནང་གི་ཡོད་པ་རེད་ལ། ད་རེས་ཀྱི་སྦརིཀསི་ཀྱི་ཚོགས་འདུའི་ཆེད་ར་ཤི་ཡ་དང་ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་གཙོ་བོར་གྱུར་བའི་གནད་ཡོད་མི་སྣ་མང་དག་ཅིག་རྒྱལ་ས་ལྡི་ལིར་ཕེབས་ཀྱི་ཡོད་པའི་ཚོད་དཔག་གནང་གི་འདུག་ལ། ཐེངས་འདིར་རྒྱལ་ས་ལྡི་ལིར་སྦརིཀསི་ཀྱི་ཚོགས་འདུ་འཚོགས་རྒྱུ་ཡིན་པའི་སྐབས་འདིར་རྒྱ་གར་གཞུང་ངོས་ནས་ཉེན་སྲུང་སོགས་ཀྱི་ཆེད། ས་ཚིགས་འདྲ་མིན་དུ་ཉེན་རྟོག་པ་དང་དམག་མི་ཆ་བགོས་ཀྱིས་སྲུང་ཆ་གནང་བཞིན་ཡོད་པ་མངོན་རྒྱུ་འདུག
སྦརིཀསི་ཚོགས་འདུ་དང་རྒྱ་དཀར་ནག་གི་འབྲེལ་བ།
སྦརིཀསི་ཚོགས་འདུ་དེ་ནི་རྒྱ་གར་ལ་མཚོན་ན་རྒྱ་ནག་དང་ལྷན་ས་མཚམས་སོགས་གནད་དོན་གལ་ཆེན་ཁག་གི་སྐོར་གླེང་སློང་བྱ་རྒྱུའི་དུས་ལ་བབ་ཡོད་པ། གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་གནང་གི་འདུག
རྒྱ་གར་གྱི་རྒྱ་ནག་གི་འཐབ་བྱུས་ཐོག་གནད་དོན་དབྱེ་ཞིབ་པ་ཚོས་གཙོ་བོར་ཁོར་ཡུག་དང་ས་མཚམས་ཀྱི་གནད་དོན་ཐོག་ལ་སེམས་ཚབས་གསལ་སྟོན་དང་། དེ་དག་གི་སྐོར་གླེང་སློང་ཐུབ་པའི་རེ་བ་གནང་གི་འདུག དེ་ཡང་རྒྱ་ནག་གི་གནད་དོན་ཐོག་གི་ཉམས་ཞིབ་པ་ (O.P. Jindal Global) གཙུག་ལག་སློབ་ཆེན་གྱི་སློབ་དཔོན་སྭ་ཏི་ཅའོ་ལ་(Swati Chawla) ལགས་ཀྱིས། ཐེངས་འདིའི་ཚོགས་འདུའི་ནང་ཁོར་ཡུག་བདེ་འཇགས་ཀྱི་གནད་དོན་དང་། ལྷག་པར་ཧི་མ་ལ་ཡའི་ཁུལ་གྱི་གནད་དོན་སྐོར་གྲོས་བསྡུར་དགོས་གལ་ཆེ་བས་དེའི་སྐོར་བཀའ་མོལ་ཞིག་ཡོང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ལ། ཉེ་ཆར་བལ་བོད་ས་མཚམས་སུ་བྱུང་བའི་འདམ་རུད་ཆུ་ལོག་གི་གོད་ཆག་འཕྲད་པ་དེས། རྒྱ་གར་ལ་ཡང་རྒྱ་ནག་དང་ལྷན་གོད་ཆག་དེ་རིགས་ལ་གདོང་ལེན་གྱི་མཉམ་ལས་ཆེ་རུ་གཏོང་དགོས་པའི་བརྡ་ལན་སྤྲོད་ཀྱི་ཡོད་པས། ས་མཚམས་ཁུལ་དུ་དུས་ཐོག་ཉེན་ཁ་ཡོད་རིགས་སྔོན་བརྡའི་མ་ལག་སྲ་བརྟན་བཟོ་བ་དང་། ཆུ་བོ་ཁག་དང་འབྲེལ་བའི་གནས་ཚུལ་མཉམ་སྤྱོད་བྱེད་པའི་ལམ་སྲོལ་གོང་འཕེལ་གཏོང་རྒྱུའི་ཐད་གླེང་དགོས་གལ་ཆེ་བ་མཐོང་གི་འདུག་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ས་མཚམས་དང་ཆུ་བོའི་དཀའ་ངལ་སྐོར་གླེང་གི་རེད་དམ།
ཡང་རྒྱ་ནག་གི་གནད་དོན་ཐོག་གི་ཉམས་ཞིབ་པ་ (O.P. Jindal Global) གཙུག་ལག་སློབ་ཆེན་གྱི་སློབ་དཔོན་ཤྲི་པརྣ་པ་ཋག་ (Sriparna Pathak) ལགས་ཀྱིས། སྦརིཀསི་ཚོགས་འདུ་དེ་ནི་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་མི་མཐུན་པའི་ཆ་རྣམས་སྲུང་སྐྱོབ་དང་གབ་ས་ཞིག་མིན་པར། ཐེངས་འདིར་རྒྱ་གར་གྱིས་ཚོགས་འདུ་དེ་བཞིན་གཙོ་སྐྱོང་བྱས་པ་དེས་རྒྱ་གར་ངོས་ནས་སེམས་ཚབས་ཡོད་སའི་གནས་སྟངས་སོགས་ཀྱི་སྐོར་སྐད་ཆ་བཤད་རྒྱུར་འཛེམས་དགོས་དོན་མེད་ལ། ས་མཚམས་དང་ཆུ་བོའི་གནད་དོན་རྣམས་ཀྱི་སྐོར་ཐད་ཀར་ཐེར་འདོན་གྱིས་སྐད་ཆ་བཤད་དགོས་གལ་ཆེ་བ་ཡིན། དེ་དག་གི་སྐོར་བཀའ་མོལ་གནང་རྒྱུ་ད་ལྟའི་ཆར་དུས་ཚོད་རན་པོ་ཞིག་རེད།
རྒྱ་དཀར་ནག་དབར་གྷལ་ལྦན་གྱི་དོན་རྐྱེན་བྱུང་རྗེས་སུ་ལོ་ངོ་མང་པོའི་རིང་ཆུ་བོ་དང་འབྲེལ་བའི་གནས་ཚུལ་མཉམ་སྤྱོད་མི་ཐུབ་པ་བྱུང་པའི་རྗེས་སུ། རྒྱ་གར་དུ་རྒྱུག་བཞིན་པའི་ཆུ་རྒྱུན་དེ་དག་ཐོག་རྒྱ་ནག་གཞུང་གིས་ཆུ་མཛོད་རྒྱག་བཞིན་པའི་སྐོར་ཁུ་སིམ་མི་བསྡད་མི་རུང་། རྒྱ་གར་གྱིས་ཕན་ཆེར་ཚོགས་འདུ་དེའི་སྐབས་འཛུགས་སྐྲུན་དེ་དག་གིས་གནམ་གཤིས་འགྱུར་ལྡོག་སོགས་ཀྱི་སྐོར་བཀའ་མོལ་གནང་སྲིད་ཀྱང་། ཐད་ཀར་མ་ཡིན་པར། སྒོ་བརྒྱབ་ཏུ་སྐད་ཆ་བཤད་སྲིད་པ་རེད། གལ་ཏེ་ཨ་རུ་ན་ཅཱལ་གྱི་བདག་དབང་སྐོར་གླེང་ཚེ་རྒྱ་གར་ངོས་ནས་འཛེམས་ཟོན་མེད་པར། ཨ་རུ་ན་ཅལ་ནི་རྒྱ་གར་གྱི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་རེད་ཅེས་བརྗོད་ངེས་རེད་ཅེས་གསུང་གི་འདུག
ཞི་དང་མཉམ་བོད་དོན་གླེང་སྲིད་དམ།
ཐེངས་འདིའི་ཚོགས་འདུའི་ཐོག་བོད་དོན་དང་འབྲེལ་བའི་གནད་དོན་སྐོར་དམིགས་བསལ་ཐད་ཀར་གླེང་ཐུབ་ཐབས་དཀའ་བ་ཉམས་ཞིབ་པ་ཁག་ཅིག་གིས་འགྲེལ་བརྗོད་གནང་གི་འདུག དེ་ཡང་རྒྱ་ནག་གི་འཐབ་བྱུས་ཐོག་གི་ཉམས་ཞིབ་པ་འབུམ་རམས་པ་ཨ་པ་ལྷ་མོ་ལགས་ཀྱིས། ཐེངས་འདིའི་ཚོགས་འདུའི་ཁྲོད་བོད་དོན་དང་འབྲེལ་བའི་སྐོར་ཐད་ཀར་གླེང་སློང་བྱེད་མ་སྲིད་ཀྱང་། རྒྱ་གར་གྱི་བདེ་འཇགས་དང་ས་མཚམས་བརྟན་ལྷིང་སོགས་ཀྱི་ཁེ་ཕན་ཆེད་བོད་ཀྱི་གནད་དོན་ཐོག་གླེང་སློང་གནང་དགོས་གལ་ཆེ་ཞིང་། གླེང་དགོས་པའི་དུས་ལ་བབ་ཡོད་པ་འདི་ག་རླུང་འཕྲིན་ཁང་ལ་གསུང་གི་འདུག་ལ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་འབུམ་རམས་པ་ཚེ་དབང་རྡོ་རྗེ་ལགས་ཀྱིས། ཐེངས་འདིར་རྒྱ་དཀར་ནག་གཉིས་དབར་ས་མཚམས་ཀྱི་གྲོས་མོལ་བྱེད་བཞིན་པ་དེས། གནས་སྐབས་ས་མཚམས་ཐོག་གི་དཀའ་རྙོག་ཞི་འགྲིག་ཐོག་ཤུགས་གནོན་སྤྲོད་སྲིད་ཀྱང་། ཁྱོན་ཡོངས་ཀྱི་དཀའ་རྙོག་སེལ་ཐུབ་ཐབས་མེད་ཅེས་དང་། གལ་ཏེ་རྒྱལ་ཁབ་ཕྱོགས་གཉིས་དབར་ས་མཚམས་ཀྱི་དཀའ་རྙོག་སེལ་དགོས་ཚེ། ངེས་པར་བོད་ཀྱི་གནད་དོན་གླེང་སློང་དགོས་ཤིང་བོད་ཀྱི་གནད་དོན་ལས་གཡོལ་ཐབས་བྲལ་བ་ཡིན་ལ། བོད་ཀྱི་དཀའ་རྙོག་སེལ་ན་མ་གཏོགས་ཐབས་ཤེས་གཞན་གང་ཡང་མེད་ཅེས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད།
ཕྱི་ལོ་ ༢༠༢༠ ལོར་འཕགས་བོད་ས་མཚམས་གྷལ་ཝན་ལུང་གཤོངས་ (Galwan Valley) སུ་རྒྱ་གར་དང་རྒྱ་ནག་གི་མཐའ་སྲུང་དམག་མིའི་བར་དྲག་པོའི་འཁྲུག་འཛིང་ཤོར་ཏེ། རྒྱ་གར་གྱི་མཐའ་སྲུང་དམག་མི་ ༢༠དང་ཉུང་མཐར་རྒྱ་ནག་གི་མཐའ་སྲུང་དམག་མི་༤ཡི་ཚེ་སྲོག་ཤོར་རྗེས། རྒྱ་གར་དང་རྒྱ་ནག་གཉིས་ཀྱིས་མཐའ་མཚམས་ས་ཐིག་བར་གྱི་མངའ་ཁོངས་དང་མཐའ་མཚམས་ཀྱི་བདེ་འཇགས་སྲུང་སྐྱོབ་ཀྱི་ཆེད། རྒྱ་དཀར་ནག་གཉིས་ཀས་མཐའ་མཚམས་སུ་འཛུགས་སྐྲུན་དང་མཐའ་མཚམས་ཀྱི་དམག་དོན་ལ་དོ་སྣང་ཆེན་པོས་འཛུགས་སྐྲུན་བྱས་པ་སོགས་བྱས་ཏེ། ད་ལྟའི་ཆར་རྒྱ་ནག་གཞུང་གིས་རྒྱ་གར་གྱི་ཨ་རུ་ན་ཅཱལ་མངའ་སྡེར་བདག་དབང་ཡོད་སྐོར་བརྗོད་དེ་ཁུལ་དེའི་ས་ཚིགས་མང་པོར་མིང་བསྒྱུར་རིམ་པ་བྱེད་པ་སོགས། རྒྱ་དཀར་ནག་གཉིས་དབར་ས་མཚམས་ཀྱི་དཀའ་ངལ་རིམ་པ་འཕྲད་བཞིན་པའི་སྐབས་འདིར། ཉེ་ལམ་ཟླ་ ༨ ཚེས་ ༧ ཉིན་རྒྱ་གར་གཞུང་གིས་ཨ་རུ་ན་ཅཱལ་ནང་གི་ས་ཚིགས་དང་གཞུང་ལམ། མཚོ་བཅས་ཁྱོན་ ༢༧ གྱི་མིང་ཡོད་བཞིན་པ་རྣམས་གཞུང་འབྲེལ་ས་ཁྲའི་ནང་སྤྱི་ཡོངས་གཏན་འབེབས་དང་ཁྱབ་བསྒྲགས་བྱས་པ་སོགས་བྱུང་ཡོད་ཅིང་། གཞན་ཕྱི་ལོ་ ༢༠༢༤ ཟླ་ ༡༠ པའི་ནང་རྒྱ་གར་གྱི་སྲིད་བློན་མོ་དྷི་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གཉིས་ཀཱ་ཛན་དུ་ཐུག་འཕྲད་སྐབས། ཕྱོགས་གཉིས་ཀས་རྒྱ་གར་དང་རྒྱ་ནག་གཉིས་མཐུན་གྲོགས་རྒྱལ་ཁབ་ཡིན་པ་ལས་འགྲན་ཟླའི་ཁ་གཏད་མིན་པས། ཕྱོགས་ཕན་ཚུན་དབར་གྱི་ཁྱད་པར་དེ་རྩོད་གཞིར་གྱུར་མི་རུང་བའི་ཁས་ལེན་བསྐྱར་ནན་བྱས་ཡོད་ཀྱང་། ཉེ་བའི་ཆར་ཟླ་ ༨ ཚེས་ ༢༥ ཉིན་རྒྱ་གར་གྱི་རྒྱལ་སྲུང་སློབ་སྟོན་པ་ཨཇིཏ་ཌོ་ཝལ་ (Ajit Doval) ལགས་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་ཡི་ (Wang Yi) དབར་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ས་མཚམས་རྩོད་རྙོག་སྐོར་གྱི་དམིགས་བསལ་སྐུ་ཚབ་དབར་གྱི་གྲོས་མོལ་ཚོགས་ཡོད་པ་དེ་ནི་ཐེངས་ ༢༥ དེ་ཆགས་ཀྱི་ཡོད་པ་རེད།
ཁ་སྣོན་པར་ལེན། བདེ་སྐྱིད་ཀུན་སྒྲོལ།
པར་ལེན་དང་བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
