༧སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་བསྟན་འཛིན་ཆོས་རྒྱལ་མཆོག་ནི་ཕྱི་ལོ་ ༡༩༤༦ ལོར་བོད་ཀྱི་རྒྱལ་ལ་ལྷ་སར་སྐུ་འཁྲུངས་པ་དང་། དགུང་ལོ་བཞིའི་ཐོག་མངའ་རིས་རིན་པོ་ཆེ་སྐུ་ཕྲེང་བཅོ་ལྔ་པར་ངོས་འཛིན་ཞུས་ཡོད་པ་རེད། ཕྱི་ལོ་ ༡༩༥༣ སྟེ་དགུང་ལོ་བདུན་གྱི་ཐོག་ལྷ་སའི་འབྲས་སྤུངས་དགོན་པར་སློབ་གཉེར་གནང་སྟེ། ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡབ་གཞིས་སྐུ་འཁོར་དང་ལྷན་རྒྱ་གར་དུ་བཙན་བྱོལ་ལ་ཕེབས་ཏེ་ཡུན་རིང་རྒྱ་གར་དང་ཕྱི་རྒྱལ་ཡུལ་གྲུ་གཞན་ཁག་ཅིག་ཏུ་སློབ་གཉེར་གནང་ཞིང་། ཕྱི་ལོ་ ༡༩༩༡ ནས་ ༡༩༩༥ བར་བོད་མི་མང་སྤྱི་འཐུས་ཀྱི་ཐུགས་འགན་ཡང་བཞེས་གནང་ཡོད་པ་རེད། རྩ་བའི་༧སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་བསྟན་འཛིན་ཆོས་རྒྱལ་མཆོག་ནི་ཁོང་གི་སྐུ་ཟླ་ལྕམ་སྐུ་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས་དང་ལྷན་བཞུགས་སྒར་རྡ་རམ་ས་ལར་བཞུགས་ཡོད་ལ། རྗེས་ཤུལ་དུ་སྲས་གཅིག་དང་སྲས་མོ་གཅིག་བཅས་ཀྱང་ཡོད་པ་རེད།
སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གཅུང་པོ་དམ་པ་མངའ་རིས་རིན་པོ་ཆེ་བསྟན་འཛིན་ཆོས་རྒྱལ་མཆོག་དེ་རིང་སྐུ་གཤེགས་ཚུལ་བསྟན་པ་ལ་མྱ་ངན་གུས་འདུད་དང་།…
— Sikyong Penpa Tsering (@SikyongPTsering) February 17, 2026
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ X ཞེས་པའི་དྲྭ་རྒྱའི་ཐོག་ཕྱི་ཚེས་ ༡༧ ཉིན་ཐུགས་གསོའི་འཕྲིན་ཡིག་བཀོད་དོན་དུ། “སྐུའི་གཅུང་པོ་དམ་པ་མངའ་རིས་རིན་པོ་ཆེ་བསྟན་འཛིན་ཆོས་རྒྱལ་མཆོག་དེ་རིང་སྐུ་གཤེགས་ཚུལ་བསྟན་པ་ལ་མྱ་ངན་གུས་འདུད་དང་། འདས་པོ་དམ་པ་ཁོང་གིས་སྐུ་ཚེ་ཧྲིལ་པོའི་རིང་ཞི་དྲག་གཉིས་ཀྱི་སྒོ་ནས་བོད་སྤྱི་པའི་རྩ་དོན་ཐོག་ལྷག་བསམ་རྣམ་དག་གིས་མཉམ་ཞུགས་གནང་བ་མ་ཟད། བོད་མིའི་སྒྲིག་འཛུགས་དང་བོད་མི་མང་གི་བདེ་སྡུག་ཁུར་དུ་བཞེས་པའི་ངང་ཚུལ་མཐའ་དག་ལ་བཀའ་དྲིན་སྙིང་ནས་ཚོར་བཞིན་ཐུགས་རྗེ་ཆེ་ཞུ།" ཞེས་བཀོད་གནང་འདུག
༧སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་ནི་ལ་དྭགས་ཀླུ་འཁྱིལ་དགོན་དགའ་ལྡན་དར་རྒྱས་གླིང་གི་དགོན་བདག་བླ་མ་ཡིན་པས། དགོན་པ་དེའི་དགེ་འདུན་འདུས་པ་རྒྱ་མཚོ་ནས་མྱ་ངན་གུས་འདུད་དང་བཅས་སྨོན་ལམ་གསུང་འདོན་ཞུས་ཡོད་ཅིང་། རིན་པོ་ཆེ་མཆོག་ཡང་བསྐྱར་བསྟན་པ་དང་འགྲོ་བའི་དོན་དུ་ཁོང་གི་ཡང་སྲིད་མྱུར་དུ་ཕེབས་པའི་སྨོན་འདུན་ཞུ་བཞིན་ཡོད་པ་རེད།།
