བོད་ནང་གསུམ་བཅུའི་དུས་དྲན་གོང་ལ་དམ་དྲག་བྱས་འདུག
བོད་ནང་ལས་ཁུངས་དང་སློབ་གྲྭ མང་ཚོགས་འདུ་འཛོམས་ཆེ་ས། དགོན་སྡེ་ཁག ཡུལ་སྐོར་དུ་སྐྱོད་ཡུལ་ས་ཁུལ་སོགས་མང་པོར་གསུམ་བཅུའི་དུས་དྲན་གྱི་སྐབས་དེར་དམ་དྲག་ཞིབ་བཤེར་ཤུགས་ཆེ་རུ་བཏང་ཡོད་པ་མ་ཟད། ཚོགས་འདུ་འདྲ་མིན་སྐོང་ཚོགས་བྱས་པ་དང་། ཆུ་ཚོད་ ༢༤ རིང་སྡོད་བྱ་བཟོས་ནས་བོད་མིའི་ཁྲོད་ལྟ་ཞིབ་ནན་པོ་བྱེད་བཞིན་ཡོད་འདུག
བོད་ཀྱི་ས་ཁུལ་ཁག་ནང་རྣོ་ངར་གྱི་ཟླ་བ་ཞེས་ལོ་ལྟར་ཟླ་བ་གསུམ་པའི་ནང་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་ལྟར། བོད་ཀྱི་ལོ་གསར་གུང་གསེང་རྫོགས་མཚམས་སུ་སློབ་གྲྭ་ཁག་གི་སློབ་དུས་གསར་པ་འགོ་འཛུགས་བྱས་ཤིང་། སློབ་མའི་ཁྲོད་སྤྱི་ཚོགས་བདེ་འཇགས་ཟེར་བའི་ཐོག་ནས་ཆོས་ཕྱོགས་ཀྱི་བྱེད་སྒོ་སོགས་ནང་ཞུགས་མི་ཆོག་པའི་ནན་བརྗོད་བྱས་ཡོད་པ་དང་། ལས་ཁུངས་ཁག་གི་ལས་བྱེད་པའི་ཁྲོད་ལ་ཡང་དེ་མཚུངས་ཀྱི་བརྟན་ལྷིང་གཙོ་བོར་བཟུང་དགོས་པ་དང་། མི་དམངས་འཐུས་མི་ཚོགས་ཆེན་གྱི་སྲིད་གཞུང་གི་ལས་དོན་སྙན་ཞུ་ཡང་གཅིག་གྱུར་ངང་ལྟ་བཅུག་ཡོད་སྐོར་བོད་ནང་ནས་རང་གི་བདེ་འཇགས་ཆེད་མིང་བརྗོད་འདོད་མེད་པའི་མི་སྣ་ཁག་ཅིག་གིས་འགྲེལ་བརྗོད་གནང་གི་འདུག
ཡང་ལྷ་སའི་ཞིབ་བཤེར་ས་ཚིགས་ཁག་ནས་ལག་འཁྱེར་ལ་ཞིབ་བཤེར་ནན་རུ་བཏང་ཡོད་པ་དང་། ལས་ཁུངས་དང་སློབ་གྲྭ་ཁག་གི་སྒོ་སྲུང་སྡོད་བྱ་ཆུ་ཚོད་༢༤རིང་ཡོད་པ་བརྗོད་མཁན་བྱུང་།
ཡང་བོད་ནང་གི་ས་གནས་ཁག་གི་གཞུང་འབྲེལ་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ༢༠༢༦ ཟླ་ ༣ ནང་གི་སྤྱི་ཚོགས་བརྟན་ལྷིང་གི་ཉེན་ཡོལ་ཞིབ་བཤེར་ལས་དོན་གྱི་བཀོད་སྒྲིག་ཟེར་ས་གནས་ཀྱི་རིམ་པ་ནས་རྫོང་དང་གྲོང་ཚོའི་བར་ལ་ཚོགས་འདུ་སྐོང་ཚོགས་ཀྱིས་བརྟན་ལྷིང་ཟེར་བའི་མིང་ཐོག་ནས་གཞུང་གི་གཏན་འབེབས་ཁག་ནན་བརྗོད་བྱས་པ་དང་། ཆབ་མདོ་མཛོ་སྒང་ལ་མཚོན་ན། ལས་ཁུངས་ཁག་གི་ སྡོད་བྱའི་ལས་འགན་ཡག་པོ་ཁུར་མིན་བརྟག་དཔྱད་དང་། ཕྱི་མི་ཡོང་མཁན་ལ་ཐོ་བཀོད་ཁ་གསལ་དགོས་པ། དམིགས་བཀར་གྱི་མི་སྣར་དོ་དམ་ནན་པོ་དགོས་པ་སོགས་ནན་བརྗོད་བྱས་འདུག
ལྷོ་ཁ་གོང་དཀར་རྫོང་གི་གཞུང་འབྲེལ་དྲ་ལམ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བོད་རང་སྐྱོང་ལྗོངས་ཀྱི་བརྟན་ལྷིང་བཀོད་སྡོམ་ལས་ཁུངས་སོགས་ཀྱི་བཀོད་སྒྲིག་ལྟར། དམིགས་བཀར་མི་སྣར་དོ་དམ་དང་སྤྱི་ཚོགས་ཁྱོན་ཡོངས་ལ་དོ་དམ། དགོན་པའི་ཆོས་ཕྱོགས་ཀྱི་ཁྱབ་ཁོངས་སོགས་ནང་དོ་དམ་བརྟག་དཔྱད་བྱས་ཡོད་པ་བརྗོད་འདུག
༡༩༥༩ ལོར་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ནས་རྒྱ་གར་དུ་བཙན་བྱོལ་ལ་ཆིབས་སྒྱུར་བསྐྱངས་སྐབས་ཆིབས་རྟ་ཆིབས་ནས་ཕེབས་པའི་རྗེས་དྲན་ཞུ་སླད་དང་བོད་མི་རྣམས་གང་མགྱོགས་བོད་དུ་ཕྱིར་ལོག་ཐུབ་པའི་རེ་བ་བཅངས་ཏེ་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་བོད་མིའི་རང་དབང་སྒེར་ལངས་ཐེངས་ ༦༧ དེ་སྲུང་བརྩི་གནང་ཡོད་ཅིང་། སྐབས་དེར་རྟ་གསུམ་གྱི་སྟེང་༧སྐུ་པར་སྒྲིག་གཤོམ་གྱིས་ཁྲོམ་སྐོར་གནང་ཡོད་པ་ནི། བོད་པའི་གཞོན་སྐྱེས་མི་རབས་ལ་སྔོན་མ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་བོད་ནས་ཇི་འདྲ་ཕེབས་ཡོད་མེད་ངོ་སྤྲོད་ཞུ་ཕྱིར་དམིགས་ཡོད་པ་ལ་དྭགས་སྤྱི་ཁྱབ་པ་བཀྲིས་དོན་གྲུབ་ལགས་ཀྱིས་གསུངས་བྱུང་།
ལ་དྭགས།
ད་རེས་གོམ་བགྲོད་ནང་བོད་མི་བགྲེས་སོང་དང་ཨ་མའི་རྒྱབ་ཏུ་ཕྲུ་གུ་འཁྱེར་མཁན། དེ་བཞིན་བོད་པའི་གཞོན་སྐྱེས་བཅས་མི་མང་གང་ཙམ་ཞིག་གིས་མཉམ་ཞུགས་གནང་པའི་ནང་། བོད་པའི་གཞོན་སྐྱེས་ཚོས་བོད་ཀྱི་འཐབ་རྩོད་ཀྱི་འགན་ཁུར་བྱ་རྒྱུའི་དུས་ཚོད་ལ་སླེབས་ཡོད་པ་གསུང་མཁན་མང་པོ་བྱུང་།
དེ་ཡང་ལ་དྭགས་བསོད་ནམས་གླིང་གཞིས་ཆགས་ནས་ཡིན་པ་ཨ་མ་འཆི་མེད་སྒྲོལ་མ་ལགས་ཀྱིས་བོད་པའི་གཞོན་སྐྱེས་རྣམས་ཀྱིས་༧གོང་ས་༧རྒྱལ་བ་ཡིད་བཞིན་ནོར་བུའི་བཀའ་བཞིན་སོ་སོའི་ཆོས་དང་། རིག་གཞུང་། སྐད་ཡིག་ལ་བརྩི་བཀུར་དང་དོ་སྣང་བྱེད་དགོས་པའི་སྐོར་མིག་ནང་མཆི་མས་ཁེངས་བཞིན་རེ་སྐུལ་གནང་སོང་། དེ་བཞིན་ཡང་ཕ་བཀྲ་ཤིས་ཕུན་ཚོགས་ལགས་ནས་ད་ལྟའི་དུས་སུ་མི་རབས་གསར་པ་སློབ་སྦྱོང་དང་ཤེས་ཡོན་ཡོད་མཁན་རྣམས་ཀྱིས་བོད་སྤྱི་པའི་འགན་ཁུར་བྱ་རྒྱུའི་དུས་ཚོད་ཡིན་པ་གསུངས་སོང་།
ལ་དྭགས་གླེ་པོ་ལོ་ཐང་དུ་མཛད་སྒོ་ཚོགས་སྐབས་ལ་དྭགས་དགོན་སྤྱི་ལྷན་ཚོགས་ཀྱི་ཚོགས་གཞོན་དགེ་བཤེས་བློ་བཟང་བཀྲིས་ལགས་ཀྱིས་དུས་རྒྱུན་དུ་བོད་མི་ཚོས་བོད་ཀྱི་རང་དབང་དང་། རྒྱ་གར་གྱི་བདེ་འཇགས་ཞེས་འབོད་སྒྲ་སྒྲོག་པ་་དེར་བོད་ཀྱི་རང་དབང་འདི་རྒྱ་གར་གྱི་བདེ་འཇགས་ཀྱི་ཆེད་གཅིག་པུ་མིན་པར་ནང་པ་སངས་རྒྱས་པའི་ཆོས་སྐྱོབ་ཕྱིར་ཡང་གལ་ཆེན་པོ་ཡིན་པ་གསུངས་སོང་།
ཡང་གོམ་བགྲོད་གནང་མཁན་ཁོངས་སུ་ལ་དྭགས་རང་གི་ཡུལ་མི་ཡིན་པ་བོད་མིའི་ཆོས་ཕྱོགས་ཀྱི་གདན་ས་ཁག་ཏུ་སློབ་གཉེར་གནང་མྱོང་མཁན་གྱི་དགེ་བཤེས་དང་དགེ་འདུན་པ་མང་པོ་ཕེབས་ཡོད་པའི་ནང་ནས་དགེ་བཤེས་དཀོན་མཆོག་རྣམ་དག་ལགས་ཀྱིས་ལ་དྭགས་དང་བོད་གཉིས་ཆོས་དང་རིག་གཞུང་མི་རིགས་དང་བཅས་པ་གཅིག་མཚུངས་ཡིན་པ་ལྟར་བོད་མིའི་གནད་དོན་ཐོག་གདུང་སེམས་མཉམ་བསྐྱེད་ཞུ་ཕྱིར་གསུམ་བཅུའི་དུས་དྲན་ལ་མཉམ་ཞུགས་བྱ་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་པ་དང་། དགེ་བཤེས་ངག་དབང་ཡེ་ཤེས་ལགས་ཀྱིས་ས་གནས་ཀྱི་མི་མང་ཚོས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་ཆོས་གནང་སྐབས་ཇི་ལྟར་བཅར་གྱི་ཡོད་པ་བཞིན་གསུམ་བཅུའི་དུས་དྲན་སྐབས་སུའང་མཉམ་ཞུགས་དགོས་པ་རེད་ཅེས་གསུངས་སོང་།
རྒྱ་གར་ལྷོ་ཕྱོགས་མའེ་སོར།
ཡི་ཤུའི་ཆོས་པ་ཕ་དྷར་ ཀྲེ་ནི་ ཁུ་རེན་ལགས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་རྣམས་ལ་ཞི་བདེ་དང་འབྲེལ་བའི་བླང་དོར་གྱི་བཀའ་སློབ་ལམ་སྟོན་གནང་བ་གཞིར་བཟུང་བོད་མི་ཚོས་རྡོག་རྩ་ཆིག་སྒྲིལ་ཐོག་ནས་བོད་མིའི་འཐབ་རྩོད་ཀྱི་ལས་དོན་གྱི་ཐོག་ལ་འབད་འབུངས་བྱ་དགོས་སྐོར་མེའི་སོར་གྲོང་ཁྱེར་དུ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་གྱི་མཛོད་སྒོའི་ཐོག་མཉམ་ཞུགས་གནང་སྐབས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བརྒྱུད་བོད་མི་རྣམས་ལ་རེ་སྐུལ་གནང་གི་འདུག ཡི་ཤུའི་ཆོས་དཔོན་ཁོང་ཆུང་དུས་སྦེལ་ཀོབ་བོད་པའི་སློབ་གྲྭའི་ནང་སློབ་གཉེར་གནང་མྱོང་ཡོད་ཅིང་། བོད་སྐད་ཡག་པོ་མཁྱེན་མཁན་གྱི་ཡུལ་མི་ཞིག་ཡིན་པ་དང་། བོད་དོན་ལ་ཤ་ཚ་དང་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་ཞིང་། མེའི་སོར་གྲོང་ཁྱེར་གྱི་མི་མང་འཛུགས་སྐྲུན་ལས་ཁུངས་ཀྱི་ངེས་སྟོན་པ་ཡིན་པ་རེད།
བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་གྱི་ཉིན་མོར་མེའི་སོར་གྲོང་ཁྱེར་དུ་ཞི་བའི་རྔམ་སྟོན་གྱི་ལས་འགུལ་འདི་བཞིན་སྦེལ་ཀོབ་བདེ་སླར་དང་ལུགས་བསམ། ཧོན་སུར་རབ་རྒྱས་གླིང་། ཀོ་ལེ་གྷལ་དོན་ལྡན་གླིང་བཅས་ཀྱི་དབུ་མའི་ལམ་གྱི་བོད་ཀྱི་གཞོན་ནུ་དང་། བེུད་ལྷན་ཚོགས། མེའི་སོར་བོད་རིགས་སློབ་ཕྲུག་མཐུན་ཚོགས་བཅས་ཚོགས་སྡེ་ཁག་ཐུན་མོང་གིས་གོ་སྒྲིག་གནང་སྟེ་བོད་མི་རྒན་གཞོན་ ༤༠༠ ལྷག་ཙམ་གྱིས་མཉམ་ཞུགས་ཐོག་རྒྱ་ནག་གཞུང་ལ་དགོས་འདུན་དོན་ཚན་གསུམ་བཏོན་གནང་པའི་ནང་། བོད་ནང་འགྲོ་བ་མིའི་ཐོབ་ཐང་དགོས་པ་དང་། བོད་ནང་གཏེར་ཁ་བསྔོག་འདོན་ལ་སོགས་པའི་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་རིགས་མེད་པར་སྲུང་སྐྱོབ་དགོས་པ། བོད་མིའི་སྒྲིག་འཛུགས་དང་མཉམ་དུ་དབུ་མའི་ལམ་གྱི་ཐབས་ལམ་ཐོག་ནས་གྲོས་མོལ་བརྒྱུད་བོད་དོན་བདེན་མཐའ་སེལ་ཐབས་བྱ་དགོས་ཞེས་རྒྱ་ནག་གཞུང་ལ་དགོས་འདུན་འདོན་གྱི་ཡོད་པ་སྦེལ་ཀོབ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཉི་མ་རྒྱལ་པོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
ཧོན་སུར་རབ་རྒྱས་གླིང་ནས་ཕེབས་པ་བསོད་ནམས་རྡོ་རྗེ་ལགས་ཀྱིས། དེ་སྔ་བོད་ནང་བོད་མི་མང་པོ་ཞིག་གིས་བོད་ཀྱི་རྩ་དོན་ཐོག་ལ་བྱས་རྗེས་བཞག་གནང་ཡོད་པ་དེ་དག་རྗེས་དྲན་དང་སྦྲགས་མ་འོངས་ང་ཚོས་བོད་སྤྱི་པའི་ལས་དོན་དེ་མུ་མཐུད་མཇུག་སྐྱོང་དགོས་པ་ཞིག་གལ་ཆེན་པོ་རེད་ཅེས་གསུངས་བྱུང་།
ཡང་སྦེལ་ཀོབ་བདེ་སྐྱིད་སླར་གསོ་ནས་ཡིན་པ་བསོད་ནམས་སྒྲོལ་མ་ལགས་ཀྱིས། བོད་དོན་འཐབ་རྩོད་དེ་གལ་གངས་ཆེ་ཞིང་མུ་མཐུད་མཇུག་སྐྱོང་བྱ་རྒྱུར་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་པ་སྲུང་སྐྱོབ་དགོས་གལ་ཆེ་བའི་དྲན་སྐུལ་གནང་གི་འདུག
ཡང་ཀོ་ལེ་གྷལ་དོན་ལྡན་གླིང་ནས་ཡིན་པ་ཟླ་བ་བསྟན་འཛིན་ལགས་ཀྱིས་གསུང་དོན་ལ། བོད་མིའི་ནང་ཁུལ་ཕྱོགས་ལྷུང་ཐེན་ཁྱེར་སྤངས་ཏེ་རྡོག་རྩ་ཆིག་སྒྲིལ་ཐོག་ནས་བོད་དོན་ལས་འགུལ་གང་སྤྱིར་མཉམ་རུབ་ཀྱི་ནུས་པ་སྤུངས་དགོས་པའི་སྐུལ་མ་གནང་གི་འདུག
མེའི་སོར་སློབ་ཕྲུག་མཐུན་ཚོགས་ཀྱི་ཚོགས་གཞོན་པདྨ་འབྱོར་རྒྱས་ལགས་ཀྱི་གསུང་པར། ད་བར་བོད་མི་རྒན་རབས་ཚོས་བོད་དོན་འཐབ་རྩོད་ཀྱི་ལས་དོན་ཐོག་སེམས་འཁུར་ཆེན་པོ་བཞེས་ཏེ་ལས་འགུལ་སྤེལ་གནང་པ་དེ་ང་ཚོ་མི་རབས་གཞོན་པ་ཚོས་མཇུག་སྐྱོང་བྱ་རྒྱུར་འགན་འཁྲི་ཡོད་པ་གསུངས་བྱུང་།
གཞན་ཡང་མེའི་སོར་གྲོང་ཁྱེར་དུ་ཕྱི་ཟླ་ ༣ ཚེས་ ༩ ཉིན་གྱི་དགོང་དྲོ་གོང་ཞུས་ཚོགས་སྡེ་ཁག་གི་རྒྱུན་ལས་དང་མེའི་སོར་བོད་པའི་སློབ་ཕྲུག་བཅས་ནས་ད་བར་བོད་དོན་ཆེད་ཕྱག་ལས་གནང་མཁན་རྒྱལ་གཅེས་པ་འདས་གསོན་ཡོངས་ལ་རྗེས་དྲན་གྱི་མར་མེའི་སྨོན་ལམ་གསུང་འདོན་གནང་བ་དང་། གཞན་ཡང་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དང་མེང་ལོར་གྲོང་ཁྱེར་ཁག་ཏུ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་གོ་སྒྲིག་འོག་ས་གནས་སོ་སོའི་ནང་དུ་བོད་པའི་སློབ་ཕྲུག་གིས་གཙོས་བོད་མི་རྣམས་ཀྱིས་ཞི་བའི་རྔམ་སྟོན་ཁྲོམ་སྐོར་གནང་སྟེ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པ་སྲུང་བརྩི་ཞུས་ཡོད་པ་རེད།
ཨོསི་ཊརེ་ལི་ཡ།
ཨོསི་ཊརེ་ལི་ཡའི་ནང་གི་རྒྱལ་ཡོངས་བོད་རིཊ་ཚོགས་པ་དང་ཨོསི་ཊརེ་ལི་ཡ་བོད་དོན་ཚོགས་པ་ (Australia Tibet Council) ཐུན་མོང་གིས་གོ་སྒྲིག་གནང་སྟེ་བོད་མི་ཚོས་རྒྱལ་ས་ཁེན་བྷེ་རར་རྒྱལ་ཡོངས་གྲོས་ཚོགས་ཀྱི་མདུན་དུ་བོད་མིའི་རང་དབང་སྒེར་ལངས་ཀྱི་ཉིན་མོར་སྲུང་བརྩི་ཞུས་ཤིང་། བོད་མི་བརྒྱ་ལྷག་འདུ་འཛོམས་ཐོག་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་བདུན་ཏེ་ལྗང་ཁུ་ཚོགས་པའི་འཐུས་མི་ ༤ དང་། ངལ་རྩོལ་ཚོགས་པའི་འཐུས་མི་ ༡ དང་། རང་དབང་ཅན་གྱི་འཐུས་མི་ ༢ ཕེབས་ཞུགས་ཀྱིས་བོད་ལ་རྒྱབ་སྐྱོར་གྱི་གཏམ་བཤད་གནང་འདུག སྐབས་དེར་ཨོསི་ཊརེ་ལི་ཡ་བོད་ཀྱི་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས་གྲོས་ཚོགས་འཐུས་མི་རྣམས་ལ་མཇལ་དར་སྒྲོན་ཏེ་ཐུགས་རྗེ་ལེགས་གསོལ་གནང་ཡོད་པ་རེད།།
