“མངའ་རིས་རིན་པོ་ཆེའི་ཡང་སྲིད་ལོ་ལྔ་དྲུག་གི་ནང་རང་དབང་ལུང་པར་འཁྲུངས་པའི་རེ་བ་ཡོད།”

༧སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེའི་ཡང་སྲིད་ལོ་ལྔ་དྲུག་གི་ནང་རང་དབང་ལུང་པར་འཁྲུངས་པའི་རེ་བ་གནང་གི་འདུག

༧སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེའི་ཡང་སྲིད་ལོ་ལྔ་དྲུག་གི་ནང་རང་དབང་ལུང་པར་འཁྲུངས་པའི་རེ་བ་གནང་གི་འདུག

༧སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་གི་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་གིས་རིན་པོ་ཆེའི་ཡང་སྲིད་འཁྲུལ་བྲལ་ཞིག་ལོ་ལྔ་ནས་དྲུག་བར་གྱི་དུས་ཡུན་རིང་རང་དབང་ལུང་པ་ཞིག་གི་ནང་སྐུ་འཁྲུངས་པའི་རེ་བ་གནང་གི་ཡོད་པ། ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་བློ་བཟང་ཡོན་ཏན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ད་ལྟའི་བཙལ་འཚོལ་ཚོགས་ཆུང་གི་ཚོགས་གཙོ་དང་དགེ་འདུན་པ་ཁག་ཅིག་ཀྱིས་ཕེབས་རོགས་འོག་ལ་དྭགས་དགོན་པར་ཆིབས་སྒྱུར་སྐབས།
མངའ་རིས་རིན་པོ་ཆེས་ལ་དྭགས་སུ་ཆིབས་སྒྱུར་གནང་པའི་སྐབས་ཤིག་གི་སྐུ་པར། ད་ལྟའི་བཙལ་འཚོལ་ཚོགས་ཆུང་གི་ཚོགས་གཙོ་དང་དགེ་འདུན་པ་ཁག་ཅིག་ཀྱིས་ཕེབས་རོགས་འོག་ལ་དྭགས་དགོན་པར་ཆིབས་སྒྱུར་སྐབས། (མི་སེར་གྱི་པར།)

ཕྱི་ལོ་ ༢༠༢༦ ཟླ་ ༢ ཚེས་ ༡༧ ཉིན་༧སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་བསྟན་འཛིན་ཆོས་རྒྱལ་མཆོག་དགུང་གྲངས་ ༨༠ ཡི་ཐོག་བཞུགས་སྒར་རྡ་རམ་ས་ལའི་བཞུགས་གནས་སུ་དགོངས་པ་རྫོགས་ཡོད་པ་དང་། ཕྱི་ཟླ་ ༢ ཚེས་ ༢༥ ཉིན་མངའ་རིས་རིན་པོ་ཆེའི་ལ་དྭགས་ཁུལ་གྱི་མ་དགོན་ཚུད་པའི་དགོན་ཁག་བརྒྱད་དང་། འབྲས་སྤུངས་སྒོ་མང་མངའ་རིས་ཁང་ཚན་གྱི་འཐུས་མི་གཅིག་བཅས་ཚོགས་མི་དགུ་ལས་གྲུབ་པའི་མངའ་རིས་རིན་པོ་ཆེའི་ཡང་སྲིད་བཙལ་འཚོལ་ཚོགས་ཆུང་ཞིག་བཞུགས་སྒར་༧རྒྱལ་བའི་ཕོ་བྲང་དུ་ཆེད་བཅར་གྱིས་རིན་པོ་ཆེ་མཆོག་གི་ཡང་སྲིད་འཁྲུལ་བྲལ་ཞིག་རང་དབང་ལུང་པའི་ནང་གང་མྱུར་བྱོན་པའི་ཆེད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཐུགས་སྨོན་གསོལ་འདེབས་ཡོང་བའི་སྐྱབས་འཇུག་ཞུས་ཡོད་ཅིང་། ཕྱི་ཟླ་ ༤ ཚེས་ ༦ ཉིན་ཞེ་དགུའི་མཆོད་འབུལ་སྨོན་ལམ་འཚོགས་གྲུབ་པ་དང་འབྲེལ། སླར་ཡང་ཕྱི་ཚེས་ ༧ ཉིན་ཡང་སྲིད་བཙལ་འཚོལ་ཚོགས་ཆུང་གི་འཐུས་མི་རྣམས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུས་ཏེ། རིན་པོ་ཆེའི་ཡང་སྲིད་འཁྲུལ་བྲལ་ཞིག་མྱུར་བྱོན་ཆེད་ཞབས་རིམ་ཁག་གང་བསྒྲུབ་དགོས་མིན་དང་། ཡང་སྲིད་འཚོལ་ཞིབ་ཀྱི་ཐབས་ལམ་བཅས་ཀྱི་སྐོར་གསོལ་འདེབས་ཞུས་འདུག་ཀྱང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་གང་སྩལ་གནང་ཡོད་མེད་ད་ལྟའི་ཆར་ཕྱིར་བསྒྲགས་གནང་རྒྱུ་མིན་པ་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་གི་ཚོགས་གཙོས་གསུངས་བྱུང་།

དགོན་ཁག་ཏུ་དད་རྟེན་དུ་སྒྲིག་པའི་སྐུ་པར།
མངའ་རིས་རིན་པོ་ཆེ་སྐུ་ན་ཆུང་དུས་ཀྱི་སྐུ་པར། དགོན་ཁག་ཏུ་དད་རྟེན་དུ་སྒྲིག་པའི་སྐུ་པར། (དགེ་བཤེས་བློ་བཟང་ཡོན་ཏན།)

ཡང་མངའ་རིས་རིན་པོ་ཆེ་བསྟན་འཛིན་ཆོས་རྒྱལ་མཆོག་དེ་སྔ་རྒྱལ་ཡུམ་ཆེན་མོའི་སྲས་སུ་ཐེངས་གཉིས་འཁྲུངས་པར་བརྟེན་ཁོང་མངའ་རིས་རིན་པོ་ཆེ་སྐུ་ཕྲེང་བཅུ་གསུམ་དང་བཅུ་བཞི་བཅས་མི་འདྲ་བ་གཉིས་སུ་ངོས་འཛིན་གནང་བའི་ལོ་རྒྱུས་ཤིག་ཡོད་སྐོར་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་གི་ཚོགས་གཙོ་དགེ་བཤེས་བློ་བཟང་ཡོན་ཏན་ལགས་ཀྱིས་གསུང་གི་འདུག

དེ་ཡང་ཁོང་གིས། དེ་སྔ་མངའ་རིས་རིན་པོ་ཆེ་བསྟན་འཛིན་ཆོས་རྒྱལ་མཆོག་རྒྱལ་ཡུམ་ཆེན་མོའི་སྲས་སུ་ཐོག་མར་འཁྲུངས་སྐབས་སྐུ་ཚེ་ཟིན་མེད་པར་བརྟེན། དགའ་གདོང་ནས་ལུང་ཕེབས་ཞུ་སྐབས་སྐུ་ཚེ་མ་ཟིན་ནའང་ཐུགས་ཁྲལ་མི་དགོས་པར་སླར་ཡང་རང་ཁྱིམ་དུ་རྒྱལ་ཡུམ་ཆེན་མོའི་སྲས་སུ་འཁྲུངས་ངེས་རེད་ཅེས། སྐུ་ཕུང་རྒྱབ་ཏུ་མར་དཀར་པོ་ཞིག་བྱུགས་ནས་ས་འོག་ཏུ་སྦས། དེ་རྗེས་མངའ་རིས་རིན་པོ་ཆེ་སླར་ཡང་འཁྲུངས་སྐབས་སྐུའི་རྒྱབ་ཏུ་ཤ་རྟགས་དཀར་པོ་ཞིག་བྱུང་བའི་ལོ་རྒྱུས་ཡོད་པ་ངོ་སྤྲོད་གནང་བྱུང་།

མངའ་རིས་རིན་པོ་ཆེའི་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་ངོས་ནས། བླ་མའི་ཡང་སྲིད་ཕེབས་མ་ཕེབས་དེ་ཕྱོགས་གཉིས་ལ་རགས་ལུས་ཡོད་པ་དང་། བླ་མས་འགྲོ་བའི་དོན་དུ་སླར་ཡང་སྐྱེ་བ་བཞེས་རྒྱུའི་ཐུགས་བཞེས་དང་། གདུལ་བྱའི་ངོས་ནས་བསོད་ནམས་མེད་ན། བླ་མའི་ཡང་སྲིད་འཁྲུངས་ན་ཡང་སྐུ་ཚེ་མ་ཟིན་པ་སོགས་ཡོང་གི་ཡོད་པ་སོགས་འགྲེལ་བརྗོད་དང་འབྲེལ། རིན་པོ་ཆེ་མཆོག་གི་ཡང་སྲིད་འཁྲུལ་བྲལ་ཞིག་བྱོན་ཐུབ་རྒྱུ་དེ་ནི་གནད་དོན་གལ་ཆེ་ཤོས་ཤིག་ལ་ངོས་འཛིན་གྱིས། ཚོགས་ཆུང་ངོས་ནས་སྲིད་དོན་དང་མི་རིགས། དཔལ་འབྱོར་སོགས་ཀྱི་དབང་དུ་མ་སོང་བར་ཡང་སྲིད་འཁྲུལ་མེད་ཅིག་ངོས་འཛིན་ཐུབ་ཐབས་གནང་རྒྱུའི་དམ་བཅའ་བརྟན་པོ་ཡོད་པ་གསུང་གི་འདུག

སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་བཅར་ཞུ་སྐབས།
མངའ་རིས་རིན་པོ་ཆེ་མཆོག་སྐུ་ན་གཞོན་དུས་ཀྱི་སྐུ་པར། ལ་དྭགས་དགོན་ཁག་ཏུ་དད་རྟེན་དུ་སྒྲིག་པའི་སྐུ་པར། (དགེ་བཤེས་བློ་བཟང་ཡོན་ཏན།)

མངའ་རིས་རིན་པོ་ཆེའི་མ་དགོན་ལ་དྭགས་ཁུལ་དུ་ཡོད་པ་བཞིན་དད་ལྡན་མང་ཚོགས་ཀྱིས་དད་གུས་ཆེན་པོ་ཞུ་བཞིན་ཡོད་ལ། རིན་པོ་ཆེ་མཆོག་དང་ལ་དྭགས་མི་མང་དབར་དམིགས་བསལ་གྱི་ལོ་རྒྱུས་ཐོག་ནས་འབྲེལ་བ་ཆེན་པོ་ཆགས་ཡོད་པ་རེད།

མངའ་རིས་རིན་པོ་ཆེའི་སྐུ་སྐྱེའི་བྱུང་རིམ་ལ་རྩིས་སྲོལ་གསུམ་ཡོད་འདུག་པ་ནི། རྒྱ་གར་དང་བོད་གངས་ཅན་ལྗོངས། བཀའ་གདམས་རྙིང་མ་སྟེ་བོད་སྟོད་ལུང་བདེ་ཆེན་རྫོང་ཁོངས་སུ་ཡོད་པའི་གནས་ཆུང་གྲོང་བརྡལ་གྱི་སྐྱོར་མོ་གླིང་དགོན་པ་བོད་རབ་བྱུང་བཅུ་གསུམ་པའི་ས་གླང་ལོ་ཕྱི་ལོ་ ༡༡༦༩ ལོར་ཕྱག་བཏབ་མཁན་བཀའ་གདམས་རྙིང་མའི་ཉམས་ལེན་པ་སྦལ་ཏི་དགྲ་བཅོམ་པ་བརྩོན་འགྲུས་དབང་ཕྱུག་གིས་དབུ་ཚུགས་ཡོད་པ་བཅས་རེད་འདུག

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།