བོད་ཕྲུག་རྒྱ་བསྒྱུར་གྱི་སློབ་གསོ་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ།

བོད་ནང་གི་བོད་ཡིག་སློབ་དེབ་ཀྱི་ནང་དོན་ལ་བསྒྱུར་བ་བཏང་སྟེ་བོད་ཕྲུག་ལ་རྒྱ་ཡི་རིག་གཞུང་དང་དམར་ཤོག་གི་ཆབ་སྲིད་ལྟ་བའི་སློབ་གསོ་ཤུགས་ཆེ་རུ་བཏང་ཡོད་པ།

བོད་ནང་གི་བོད་ཡིག་སློབ་དེབ་ཀྱི་ནང་དོན་ལ་བསྒྱུར་བ་བཏང་སྟེ་བོད་ཕྲུག་ལ་རྒྱ་ཡི་རིག་གཞུང་དང་དམར་ཤོག་གི་ཆབ་སྲིད་ལྟ་བའི་སློབ་གསོ་ཤུགས་ཆེ་རུ་བཏང་ཡོད་པ།

ཕྱི་ལོ་ ༢༠༢༦ ཟླ་ ༣ པའི་ནང་སློབ་དུས་གསར་པ་འགོ་བཙུགས་པ་ནས་བཟུང་། རྒྱ་ནག་གཞུང་གིས་སློབ་གྲྭ་ཆུང་བ་ཁག་ཏུ་བོད་ཡིག་སློབ་དེབ་ཀྱི་པར་གཞི་གསར་པ་འདི་བེད་སྤྱོད་བྱེད་འགོ་བཙུགས་ཡོད། བོད་ཡིག་སློབ་དེབ་གསར་རྙིང་ཞིབ་བསྡུར་བྱས་པ་བརྒྱུད། སློབ་དེབ་གསར་པའི་ནང་དོན་དཀར་ཆག་ནང་མངོན་གསལ་དོད་པོའི་བསྒྱུར་བ་བཏང་ཡོད་པ་དང་། དེའི་ནང་བོད་ཀྱི་སྲོལ་རྒྱུན་རིག་གཞུང་གི་ནང་དོན་ཉུང་དུ་བཏང་པ་དང་ཆབས་ཅིག རྒྱ་ནག་གི་ལོ་རྒྱུས་དང་གཞུང་ཕྱོགས་ཀྱི་ཆབ་སྲིད་སློབ་གསོའི་ནང་དོན་ཁ་སྣོན་བྱས་ཡོད་པ་མ་ཟད། རྒྱ་ཡིག་སློབ་དེབ་ནང་ཡོད་པའི་སློབ་ཚན་ཁ་ཤས་བོད་ཡིག་ཏུ་བསྒྱུར་ནས་བོད་ཡིག་སློབ་དེབ་ནང་ཡང་བསྐྱར་བཅུག་ཡོད་འདུག

བོད་དོན་ལས་འགུལ་བསྟི་གནས་ཁང་གི་སྤྱི་ཚོགས་དང་སློབ་གསོ་རིག་པའི་ཞིབ་འཇུག་གནང་མཁན་འབུམ་རམས་པ་ལྡོང་ཕྱིང་གུར་བ་རྒྱལ་ལོ་ལགས་ཀྱིས། སློབ་དེབ་གསར་པ་འདི་ཡི་ནང་དོན་ཐོག་ནས་བརྒྱ་ཆ་དགུ་བཅུ་རྒྱ་ཡི་རིག་གཞུང་ཡིན་པ་དང་། བརྒྱ་ཆ་བཅུ་བོད་པ་དང་འབྲེལ་བ་ཡོད་པའི་རིག་གཞུང་རེད་འདུག སློབ་སྦྱོང་འདི་ཆ་ཚང་ཁ་ཕྱོགས་གང་དུ་སྐྱོད་ཀྱི་ཡོད་པ་ཞུས་ན། འདི་ནི་རྒྱ་ཡི་རིག་གཞུང་སྦྱོང་གི་ཡོད་པ་དང་། ཕྱོགས་གཅིག་ནས་རྒྱ་ཡི་རིག་གཞུང་རྒྱ་ཡིག་ཐོག་ནས་སྦྱང་པ་དང་ཕྱོགས་གཞན་ཞིག་ནས་ནང་དོན་འདི་གཅིག་པ་བོད་ཡིག་ཐོག་ནས་སྦྱང་གི་ཡོད་ཅེས་གསུངས་བྱུང་།

བོད་ཡིག་སློབ་དེབ་གསར་པ་འདི་བེད་སྤྱོད་གཏོང་འགོ་བཙུགས་པ་ནས་བཟུང་བོད་ནང་གི་ཕ་མ་མང་པོའི་ཁྲོད་གླེང་སློང་མང་པོ་བྱུང་བཞིན་ཡོད་པ་དང་། ཕ་མ་འགའ་རེས་དེ་སྔོན་བོད་ཡིག་སློབ་དེབ་ནང་བོད་ཀྱི་རིག་གཞུང་དང་འབྲེལ་བའི་ནང་དོན་ཡོད་པ་ཁག་ཅིག་མེད་པ་བཟོས་པ་དེར་མི་འདོད་པ་དང་སེམས་འཚབ་བྱེད་མཁན་ཡོད་ན་ཡང་བསམ་འཆར་བཏོན་ནུས་མཁན་མེད་པ་བོད་ནང་ནས་རང་གི་བདེ་འཇཊ་ཆེད་མིང་བརྗོད་འདོད་མེད་པའི་མི་སྣ་ཞིག་གིས་ངོ་སྤྲོད་གནང་བྱུང་།

བོད་ནང་མཚོན་ན། བོད་ཡིག་ནི་སྐད་ཡིག་གི་སློབ་ཚན་ཡིན་པ་མ་ཟད། དེ་བས་བོད་ཀྱི་རིག་གཞུང་རྒྱུན་འཛིན་བྱེད་པའི་གལ་ཆེའི་ཐབས་ལམ་ཞིག་ཏུ་བརྩི་ན་ཆོག་གི་ཡོད། འོན་ཀྱང་བོད་ཡིག་སློབ་དེབ་གསར་པའི་ནང་དོན་ཁག་ལོ་རིམ་གསུམ་པ་ནས་དྲུག་པ་བར་གྱི་ནང་དོན་ལ་འགྱུར་བ་ཆེན་པོ་ཕྱིན་ཡོད་འདུག་ལ། སྤྱི་ཚོགས་དྲ་ལམ་ཐོག་དགེ་རྒན་གྱིས་སློབ་དེབ་གསར་པ་ངོ་སྤྲོད་བྱས་པ་ཡང་མཐོང་རྒྱུ་འདུག

གཞན་ཡང་སློབ་ཆུང་ལོ་རིམ་ལྔ་པའི་སློབ་དེབ་སྨད་ཆར་ཞིབ་བསྡུར་བྱེད་སྐབས་དཀར་ཆག་ནས་རྟོགས་ཐུབ་རྒྱུར་སློབ་ཚན་དང་པོ་ནས་བཞི་པ་བར་གྱི་ནང་དོན་ཡོངས་རྫོགས་ལ་བསྒྱུར་བ་བཏང་འདུག་ལ། སྤྱི་ཚོགས་དྲ་ལམ་ཐོག་དགེ་རྒན་གྱིས་སློབ་དེབ་གསར་པའི་ནང་དོན་ཀློག་པ་ཡང་མཐོང་རྒྱུ་འདུག

ཡང་བོད་ཡིག་སློབ་ཚན་གྱི་ནང་དོན་ལ་བསྒྱུར་བ་བཏང་པ་འདིས་མཐར་བོད་ཕྲུག་ཚོ་བོད་ཀྱི་རིག་གཞུང་རྒྱུན་འཛིན་བྱེད་མཁན་མིན་པར། རྒྱ་ཡི་རིག་གཞུང་རྒྱུན་འཛིན་བྱེད་མཁན་ཞིག་ཆགས་རྒྱུ་ཡིན་པར་ངོས་འཛིན་གནང་གི་ཡོད་པ་དང་། དེ་སྔོན་དང་མི་འདྲ་བར་སློབ་དེབ་གསར་པ་འདི་བོད་རང་སྐྱོང་ལྗོངས་སློབ་གསོ་ལས་ཁུངས་ཀྱིས་བསྒྲིགས་པ་ཟེར་བརྗོད་འདུག

སྤྱི་ཚོགས་དང་སློབ་གསོ་རིག་པའི་ཞིབ་འཇུག་གནང་མཁན་འབུམ་རམས་པ་ལྡོང་ཕྱིང་གུར་བ་རྒྱལ་ལོ་ལགས་ཀྱིས་མུ་མཐུད་གསུངས་པར། ད་ལྟ་བརྒྱ་ཆ་དགུ་བཅུ་ཡི་ནང་དོན་ལ་དབྱེ་ཞིབ་བྱས་ན། དམག་འཁྲུག་དང་འབྲེལ་བ་ཡོད་པའི་ནང་དོན་དང་། ཞེད་སྡང་ཡོང་བའི་རིགས་གཅིག་ཡོད། ཡང་རིགས་གཉིས་པ་འདི་རྒྱ་ཡི་རིག་གཞུང་རྙིང་པའི་ནང་དོན་ཡོད་པས། འདི་གཉིས་གཙོ་བོར་བཞག་འདུག་ཅེས་ངོ་སྤྲོད་གནང་བྱུང་།

སློབ་དེབ་ཀྱི་རྣམ་པ་གཅིག
སློབ་དེབ་ནང་རྒྱ་ནག་གཞུང་གི་ལྟ་བ་དང་འབྲེལ་བའི་སློབ་གསོ། སློབ་དེབ་ཀྱི་རྣམ་པ་གཅིག (Citizen Photo)

བོད་ཡིག་སློབ་དེབ་གསར་པ་འདི་དང་འབྲེལ་བའི་ཐོག་ནས་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་ཀྱི་སློབ་གྲྭ་ཁག་གི་བོད་ཡིག་དགེ་རྒན་ཁྲོད་ཚོགས་འདུ་སྐོང་ཚོགས་བྱས་ཏེ། སློབ་དེབ་གསར་སྒྲིག་བྱས་པ་འདིའི་ནང་རྒྱ་ནག་གི་སྲོལ་རྒྱུན་རིག་གཞུང་དང་། གསར་བརྗེའི་རིག་གཞུང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གཞུང་བཅས་ཕྱོགས་ཡོངས་ནས་མཉམ་དུ་བཅུག་ཡོད་པ་མ་ཟད། འདི་ནི་ཆབ་སྲིད་ཀྱི་ལས་གྲ་ཞིག་དང་། བླ་སྲོག་གི་ལས་གྲ། གཞི་རྩའི་ལས་གྲ་བཅས་ཡིན་པས། སློབ་དེབ་གསར་པ་བེད་སྤྱོད་བྱ་རྒྱུ་འདི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཡིན་པ་བརྗོད་འདུག

ཡང་བོད་ནང་གི་མི་སྣ་ཞིག་གིས་གསུངས་པར། བོད་ཡིག་སློབ་སྦྱོང་བྱེད་བཞིན་པའི་བོད་ཕྲུག་གིས་སློབ་དེབ་གསར་པའི་སློབ་ཚན་གྱི་ནང་དོན་རྒྱ་ཡིག་ཐོག་ནས་སློབ་སྦྱོང་བྱས་ཟིན་པར་བརྟེན་སློབ་ཚན་ལས་སླ་པོ་འདུག་ཅེས་བརྗོད་མཁན་ཡང་བྱུང་འདུག་ལ། ཡང་ཕ་མ་གཞན་ཞིག་གིས། བོད་ཡིག་སློབ་དེབ་རྙིང་པའི་ནང་བོད་ཀྱི་གྲགས་ཆེ་བའི་དགོན་པ་སོགས་ངོ་སྤྲོད་ཀྱི་ནང་དོན་ཡོད་པ་དང་། དེ་སྔོན་ཡིག་ཐོག་ནས་བོད་ཀྱི་དགོན་པར་རྒྱུས་ལོན་བྱས་པ་མ་གཏོགས་བོད་ཕྲུག་ཚོ་དགོན་པའི་ནང་ཆོས་མཇལ་དུ་སྐྱོད་ཆོག་གི་མེད། ད་ཆ་ནི་བོད་ཡིག་སློབ་དེབ་ནང་ནས་ནང་དོན་དེ་རིགས་རྩ་བ་ནས་མཐོང་རྒྱུ་མེད་པ་བཟོས་འདུག་ཅེས་བརྗོད་མཁན་ཡོད་འདུག

སྤྱི་ཚོགས་དང་སློབ་གསོ་རིག་པའི་ཞིབ་འཇུག་གནང་མཁན་འབུམ་རམས་པ་ལྡོང་ཕྱིང་གུར་བ་རྒྱལ་ལོ་ལགས་ཀྱིས། མདོ་དབུས་ཁམས་གསུམ་དུ་ཡོད་པའི་སློབ་གྲྭ་ཁ་ཤས་མ་གཏོགས་མང་ཆེ་བའམ་བརྒྱ་ཆ་དགུ་བཅུ་བཅའ་སྡོད་སློབ་གྲྭ་ཆགས་ཡོད། དང་པོ་ཕ་མ་དང་ཁ་བྲལ་བ་དང་། གཉིས་པ་སོ་སོའི་རིག་གཞུང་དང་ཁ་བྲལ་བ། གསུམ་པ་སོ་སོའི་སྐད་ཡིག་ཐོག་ནས་མི་རིགས་གཞན་གྱི་རིག་གནས་སྦྱོང་དགོས་པའི་གནས་སྟངས་འདི་ཆགས་ཡོད། གནས་སྟངས་འདིས་ཤུགས་རྐྱེན་འགྲོ་རྒྱུ་ནི། མི་རིགས་འདིའི་སྐད་དང་རིག་གཞུང་གཉིས་ཀ་རྩ་བརླག་ཏུ་འགྲོ་རྒྱུའི་ཉེན་ཁ་འདི་དང་ཐག་ཉེ་རུ་ཉེ་རུ་འགྲོ་བཞིན་ཡོད་ཅེས་གསུངས་བྱུང།

ད་རེས་བོད་ནང་གི་བོད་ཡིག་སློབ་དེབ་ལ་བསྒྱུར་བ་བཏང་པ་འདིས་བོད་པའི་མི་རབས་གསར་པར་བོད་ཀྱི་རིག་གཞུང་དང་འབྲེལ་བའི་སློབ་གསོ་གཏོང་ཕྱོགས་ཐད་བསམ་ཚུལ་མི་འདྲ་བ་ཡོང་གི་ཡོད་པ་དང་། གལ་ཆེ་ཤོས་ནི་ཕ་མ་དང་བོད་པའི་སྤྱི་ཚོགས་ཁྱོན་ཡོངས་ཀྱིས་ནུས་པ་མཉམ་སྤུངས་ཐོག་ཐབས་ཤེས་གང་ཡོད་ཀྱིས་འབད་བརྩོན་བྱ་དགོས་པའི་དུས་ལ་སླེབས་ཡོད་པ་དང་། བོད་ཀྱི་རིག་གཞུང་འདི་མི་རབས་རྗེས་མས་ལོངས་སྤྱོད་བྱེད་ཐུབ་པ་བཟོ་རྒྱུ་འདི་ཚང་མའི་ལས་འགན་ཡིན་པར་ངོས་འཛིན་གནང་མཁན་འདུག་ལ།

ཡང་བོད་ནང་གི་སློབ་གསོའི་འགྱུར་བ་འདིས་མ་འོངས་པར་ཤུགས་རྐྱེན་ཇི་འདྲ་ཐེབས་མིན་ད་ལྟ་ཚོད་དཔག་དཀའ་བར་འགྱུར་ཡོད།།