ཟླ་ ༡༠ ཚེས་ ༢༢ ཉིན་གྱི་དགོང་མོ་ཆུ་ཚོད་ ༡༠ དང་སྐར་མ་ ༣༣ ཙམ་ལ་བོད་ཀྱི་ནག་ཆུ་གྲོང་ཁྱེར་སྦྲ་ཆེན་རྫོང་ཁུལ་དུ་ས་ཡོམ་གྱི་གནོད་འཚེ་བྱུང་ཡོད་པ་དང་། ཨ་རིའི་ས་ཡོམ་བརྟག་དཔྱད་དྲ་ཚིགས་ཐོག་འགུལ་ཚད་རིམ་པ་ ༧ ཡིན་པ་བརྗོད་འདུག
རྒྱ་ནག་གི་ས་ཡོམ་བརྟག་དཔྱད་དྲ་ཚིགས་ཐོག་ས་ཡོམ་གྱི་གཏིང་ཚད་ཁོ་ལོ་མི་ཌར་ ༡༠ ཙམ་དང་། ས་ཡོམ་བྱུང་ཡུལ་ལྟེ་གནས་ཀྱི་ཉེ་འཁོར་ས་བབ་མཐོ་ཚད་ཆ་སྙོམས་མི་ཌར་ ༤༨༦༤ ཙམ་ཡོད་པའི་ས་མཐོའི་བྱང་ཐང་ཁུལ་དུ་ཡིན་སྐོར་བརྗོད་འདུག

ད་ལྟའི་ཆར་མི་ཤི་རྨས་དང་ཁང་པ། ལམ་དང་གློག་སོགས་རྨང་གཞིའི་སྒྲིག་ཆས་ལ་གཏོར་བཤིག་ཇི་ཙམ་ཕོག་ཡོད་མེད་གནས་ཚུལ་ཁ་གསལ་མི་འདུག
འོན་ཀྱང་སྤྱི་ཚོགས་དྲ་ལམ་ཐོག་ནས་མཐོང་བའི་གནས་ཚུལ་ལ་གཞིགས་ན། གཞུང་ལམ་དང་ཁང་པར་སེར་ཁ་གས་པ་དང་། ཁང་པ་ལོག་པ། རི་ནས་རྡོ་ཟགས་ཏེ་གཞུང་ལམ་འགག་པ་དང་། མང་ཚོགས་མཚན་མོ་ཁང་པའི་ཕྱི་ལ་ཐོན་ནས་འགའ་རེ་མོ་ཌའི་ནང་བསྡད་པ་དང་འགའ་རེ་ཐང་དུ་བསྡད་ཡོད་པ་མཐོང་རྒྱུ་འདུག

རྒྱ་ནག་གཞུང་གི་བརྒྱུད་ལམ་ནང་མྱུར་སྐྱོབ་བྱེད་མཁན་མི་གསོད་རུ་ཁག་དང་དམག་མི་སོགས་མངགས་གཏོང་བྱས་པ་བརྗོད་འདུག
ས་ཡོམ་འགུལ་ཚད་རིམ་པ་ ༧ བྱུང་བའི་རྗེས་སུ་དགོང་དྲོ་ཆུ་ཚོད་༡༠ སྐར་མ་ ༥༩ ཡི་ཐོག་འགུལ་ལྷག་རིམ་པ་ ༣.༩ ཞིག་བྱུང་འདུག་ལ། དེ་རྗེས་ཆུ་ཚོད་༡༢དང་སྐར་མ་༣ གྱི་ཐོག་འགུལ་ལྷག་རིམ་པ་༣.༤ བྱས་པ་ཞིག་བྱུང་འདུག
པར་རིས་སྒྲིག་བཟོ་བ། ནོར་སྡེ་སྒྲོལ་མ།
