མགོ་ལོག་རྨ་ཆེན་རྫོང་ཁོངས་བོད་པའི་སློབ་གྲྭ་ ༣ སྒོ་བརྒྱབ་པ་ནི་ “མི་རིགས་གསོན་གནས་མེད་པ་བཟོ་ཐབས་རེད།”ཅེས་བོད་མིའི་སྒྲིག་འཛུགས་དང་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་པས་ངོས་འཛིན་གནང་གི་འདུག
མགོ་ལོག་རྨ་ཆེན་རྫོང་ཁོངས་སློབ་གྲྭ་ ༣ སྒོ་བརྒྱབ་པ།
རྒྱ་ནག་གཞུང་གིས་འདས་པའི་ཟླ་བ་གསུམ་ནང་མགོ་ལོག་རྨ་ཆེན་རྫོང་གི་ཁོངས་སུ་ཡོད་པའི་བོད་པའི་སློབ་གྲྭ་གསུམ་སྟེ། གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་དང་། ཇ་སག་སྡེ་བའི་སློབ་ཆུང་། མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭ་བཅས་སྒོ་བརྒྱབ་འདུག བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནང་གི་སློབ་གྲྭ་ཁག་ཏུ་མི་རིགས་གསོན་གནས་ཀྱི་ལས་དོན་འགྲུབ་བཞིན་པར་ངོས་འཛིན་གྱིས་སློབ་གྲྭ་དེ་དག་སྒོ་བརྒྱབ་པ་ཡིན་སྐོར་དགོངས་ཚུལ་གསུང་གི་འདུག
འདས་པའི་ཟླ་བ་གསུམ་ནང་མགོ་ལོག་རྨ་ཆེན་རྫོང་གི་ཁོངས་སུ་ཡོད་པའི་བོད་པའི་སློབ་གྲྭ་གསུམ་སྒོ་བརྒྱབ་པ་དང་འབྲེལ། སྔར་ཡོད་ཁྲིམས་མཐུན་ཡིན་པའི་སློབ་གྲྭ་དང་། དེ་སྔ་ནས་རྒྱ་ནག་གཞུང་འབྲེལ་གྱི་ངོ་བོར་བསྒྱུར་ཟིན་པའི་སློབ་གྲྭ་མང་པོ་ཞིག ད་ཆ་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་ཡིག་ལག་བསྟར་རྗེས་སུ་མི་རིགས་ཀྱི་སྐད་ཡིག་འབུར་ཐོན་གྱིས་སློབ་མ་མང་པོ་ཞིག་ཐོན་གྱི་ཡོད་པ་ལྟར། ཁྲིམས་ཐོག་གི་སློབ་གྲྭ་བཙུགས་པའི་ཆ་རྐྱེན་ཚང་གི་མེད་པ་སོགས་བརྗོད་དེ་སྒོ་རྒྱག་བཅུག་བཞིན་ཡོད་པ་ཆབ་སྲིད་བཙོན་ཟུར་རྭ་རྒྱ་དགེ་བཤེས་བློ་བཟང་དཔལ་ལྡན་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་ལ། སློབ་གྲྭ་འདི་དག་སྒོ་རྒྱག་དགོས་པའི་ཡིག་ཐོག་བཀོད་ཁྱབ་རིགས་བཏང་མེད་པར། རྫོང་གི་འབྲེལ་ཡོད་ཚན་པས་དགེ་རྒན་ལ་བརྡ་སྤྲད་དེ། སློབ་གྲྭ་ཚོགས་ཆོག་གི་མེད་པ་བརྗོད་ཡོད་སྐོར་གསུངས་བྱུང་།
ཕྱི་ལོ་ ༢༠༠༦ ལོར་རྩ་ཐང་བུ་མོའི་སློབ་གྲྭ་ཕེབས་མྱོང་བ་ཆབ་སྲིད་བཙོན་ཟུར་གཞན་ཞིག་གིས། རྩྭ་ཐང་བུ་མོའི་སློབ་གྲྭ་དེ་ནས་བོད་ནང་ཤེས་ལྡན་མི་སྣ་དང་སྤྱི་ཚོགས་ཞབས་ཞུ་སྒྲུབ་མཁན་མང་པོ་ཞིག་ཐོན་བཞིན་པར་རྒྱ་ནག་གིས་སེམས་ཚབས་བྱས་ཤིང་། ལྷག་པར་ཁོང་གིས་ངོ་ཤེས་པའི་སློབ་གྲྭའི་ལས་བྱེད་ཅིག་གིས། འདས་པའི་ལོ་མང་རིང་རྒྱ་ནག་གཞུང་གིས་སློབ་གྲྭ་དེའི་དགེ་རྒན་ལ་འབོད་སྒུག་ཐེངས་མང་བྱས་ཡོད་པར་བརྟེན། དུས་ཡུན་ཇི་ཙམ་སློབ་གྲྭ་དེ་རྒྱུན་གནས་ཐུབ་མིན་ཡང་ཤེས་ཚོད་དཀའ་བ་རེད་ཅེས་བརྗོད་མྱོང་ཡོད་སྐོར་ལུང་འདྲེན་གྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་།
“མི་རིགས་གསོན་གནས་མེད་པ་བཟོ་ཐབས་རེད།”
འདས་པའི་ཟླ་བ་གསུམ་རིང་རྒྱ་ནག་གཞུང་གིས་བོད་པའི་སློབ་གྲྭ་གསུམ་བསྟུད་མར་སྒོ་བརྒྱབ་པ་ནི། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་ཁྲིམས་ལག་བསྟར་དང་འབྲེལ་བ་ཡོད་ཅིང་། དེ་ནི་རྒྱ་ནག་གཞུང་གིས་ཞེད་སྣང་འོག་ལག་བསྟར་བྱས་པ་ཞིག་ཡིན་པ། བོད་མིའི་སྒྲིག་འཛུགས་དང་འགྲོ་བ་མིའི་ཐོབ་ཐང་ཐད་ཉམས་ཞིབ་པས་ངོས་འཛིན་གནང་གི་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་དུ་ཡོད་པའི་སློབ་གྲྭ་སྒོ་རྒྱག་པ་ད་རེས་ཐེངས་དང་པོ་མ་ཡིན་པར། དུས་ནས་དུས་སུ་སློབ་གྲྭ་སྒོ་རྒྱག་པའི་གནས་སྟངས་ཡོང་གི་ཡོད་པ་ནི། རྒྱ་ནག་གཞུང་གིས་བོད་ནང་ཡོད་པའི་བོད་རྒྱ་ཆེ་མི་མང་གིས་བོད་ཀྱི་སྐད་དང་རིག་གཞུང་ལ་དོ་སྣང་གིས་བོད་མི་རིགས་གསོན་གནས་ཆེད་ལད་ཀ་བྱེད་བཞིན་པར། རྒྱ་ནག་གཞུང་གིས་དེར་སྐྱོན་ཞིག་ཏུ་ངོས་འཛིན་གྱིས་ཞེད་སྣང་འོག་སློབ་གྲྭ་དེ་དག་སྒོ་རྒྱག་བཞིན་ཡོད་པ་རེད་ཅེས་གསུང་གི་འདུག་ལ། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཟླ་བ་བཀྲ་ཤིས་ལགས་ཀྱིས། རྒྱ་ནག་གཞུང་གིས་མི་རིགས་རྒྱ་སྒྱུར་གྱི་སྲིད་ཇུས་ལག་བསྟར་འོག་ཏུ། བོད་ཡིག་སློབ་གྲྭ་ཁག་གི་ཡིག་ཆ་ཚད་ལྡན་མེད་པར་ཁ་གཡར་ནས། སྔ་རྗེས་སུ་བོད་ཀྱི་སྐད་ཡིག་སློབ་གསོ་གཙོ་གཉེར་བྱེད་པའི་སློབ་གྲྭ་ཆུང་འབྲིང་གསུམ་སྒོ་བརྒྱབ་པ་ཞིག་ཡིན་པ་གསུངས་བྱུང་།
ཇ་སག་སྡེ་བའི་སློབ་ཆུང་།
ཟླ་བ་ ༩ པའི་ནང་སྒོ་བརྒྱབ་པའི་ཇ་སག་སྡེ་བའི་སློབ་ཆུང་ནི། ཕྱི་ལོ་ ༡༩༩༥ ལོར་སྔར་གྱི་རྭ་རྒྱ་ཡུལ་ཚོ་ཇ་སག་འབྲོག་སྡེའི་ཨུ་ཡོན་ལྷན་ཁང་གི་འབྲོག་པ་རྣམས་ཀྱིས་མ་དངུལ་བསྡུ་རུབ་བྱས་ནས་གསར་འཛུགས་བྱས་པ་ཞིག་རེད་འདུག་ཅིང་། ཕྱི་ལོ་ ༢༠༠༨ ལོར་ཡིག་ཐོག་ནས་ “རྭ་རྒྱ་གྲོང་རྡལ་བཅའ་སྡོད་སློབ་གྲྭ་ཨང་གཉིས་པ” ཞེས་མིང་བསྒྱུར་བྱས་འདུག
མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭ
ཡང་ཕྱི་ཟླ་༡༠ པའི་ཟླ་མགོར་སྒོ་བརྒྱབ་པའི་མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭ་ནི། ཕྱི་ལོ་ ༢༠༠༥ ལོར་ཇར་མ་ནིར་གནས་བཞུགས་གནང་མཁན་འདས་པོ་སྨན་པ་རྟའུ་བློ་བཟང་དཔལ་ལྡན་ལགས་དང་ཁོང་གི་བཟའ་ཟླ་ཆོས་ཉིད་ལྷ་མོ་ལགས་གཉིས་ཀྱིས་གསར་འཛུགས་བྱས་པ་ཞིག་དང་། སློབ་གྲྭ་དེས་ལོ་ ༢༠ ཙམ་རིང་ཕ་མ་མེད་པའི་བོད་ཀྱི་བྱིས་པ་རྣམས་ལ་ཟས་གོས་དང་། སྡོད་ཁང་། སྨན་བཅོས། ཤེས་ཡོན་བཅས་རིན་མེད་དུ་མཁོ་སྤྲོད་བྱས་ཡོད་འདུག
གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བོད་ནས་འབྱོར་བའི་གནས་ཚུལ་ལྟར་ན། ༢༠༠༥ ལོར་བོད་ཀྱི་སློབ་གསོའི་ཐོག་ཕྱག་ལས་གནང་མཁན་དགེ་འདུན་པ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་གསར་བཙུགས་གནང་པའི་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་འདི་བཞིན་འདི་ལོའི་ཟླ་ ༨ ཚེས་ ༢༨ ཉིན་རྒྱ་ནག་གཞུང་གིས་སྒོ་བརྒྱབ་ཡོད་པའི་སྐོར་རང་གི་བདེ་འཇགས་ཆེད་མིང་བརྗོད་འདོད་མེད་པ་འབྲེལ་ཡོད་ཁག་ཅིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྗོད་བྱུང་ལ། སྐབས་དེ་དུས་སློབ་མ་ ༤༥༠ ཙམ་དང་དགེ་ལས་ ༦༠ ཙམ་ཡོད་འདུག
ཞི་ཅིན་ཕིང་དང་བོད་མི་རིགས།
རྩ་བའི་དེ་སྔ་ཕྱི་ལོ་ ༢༠༢༤ ཟླ་ ༦ ཚེས་ ༡༨ ཉིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གློ་བུར་དུ་མཚོ་སྔོན་ཞིང་ཆེན་ཟེར་བའི་ནང་ཆེད་བསྐྱོད་བྱས་ཏེ་བོད་ཀྱི་དགོན་པ་དང་སློབ་གྲྭ་སོགས་སུ་ལྟ་སྐོར་གྱིས་བོད་བརྒྱུད་ནང་བསྟན་རྒྱ་སྒྱུར་གྱི་ལས་དོན་དང་། ཀྲུང་ཧྭ་མི་རིགས་གཅིག་གྱུར་གྱི་སློབ་གསོའི་ནུས་པར་བརྟག་ཞིབ་བྱས་ཡོད་ཅིང་། དེའི་རྗེས་ཀྱི་ཟླ་ ༧ པའི་ནང་བོད་མདོ་སྨད་མགོ་ལོག་རྭ་རྒྱ་དགོན་པའི་དགེ་འདུན་པ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་བཙུགས་པའི་གངས་ལྗོངས་ཤེས་རིག་ནོར་གླིང་སློབ་གྲྭ་དངོས་སུ་སྒོ་བརྒྱབ་རྒྱུའི་ཡོངས་གྲགས་གསལ་བསྒྲགས་བྱས་ཡོད་པ་རེད།།
བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།
འབྲེལ་ཡོད་གནས་ཚུལ།
མགོ་ལོག་ར་རྒྱའི་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་ལོ་ ༢༡ རྗེས་སུ་སྒོ་བརྒྱབ་པ།
རྒྱ་ནག་གཞུང་གིས་བོད་ནང་སྒེར་གྱིས་བཙུགས་པའི་སློབ་གྲྭ་རིམ་པ་སྒོ་བརྒྱབ་ཏུ་བཅུག་པ།
