འདི་ལོ་སློབ་དུས་གསར་པ་འགོ་བཙུགས་པའི་སྐབས་དེར་བོད་མདོ་སྨད་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རྨ་ཆེན་རྫོང་དུ་ལོ་མང་རིང་བོད་ཕྲུག་ལ་ཤེས་ཡོན་སློབ་གསོ་སྤྲད་བཞིན་ཡོད་པའི་སློབ་གྲྭ་གསུམ་རིམ་པས་སྒོ་བརྒྱབ་པའི་གནས་ཚུལ་ཐོན་ཡོད་ཅིང་། དེའི་ནང་ར་རྒྱ་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་དང་། མགོ་ལོག་རྟ་བྲག་དྭ་ཕྲུག་སློབ་གྲྭ དེ་བཞིན་ར་རྒྱ་གྲོང་རྡལ་བཅའ་སྡོད་སློབ་གྲྭ་གཉིས་པ་བཅས་ཚུད་ཡོད།
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་གསོ་ལས་ཁུངས་ལ་འབྲེལ་བ་བྱས་ཏེ་རྩད་གཅོད་བྱས་པར། འདིའི་དང་ཐོག་གི་ལས་ཀ་རྣམས་རྨ་ཆེན་རྫོང་སྲིད་གཞུང་དང་། རྨ་ཆེན་རྫོང་སློབ་གསོ་ལས་ཁུངས་ཀྱིས་འགན་ཁུར་ཡོད་པས། ང་ཚོས་ཞིབ་ཕྲའི་གནས་ཚུལ་རྒྱུས་མངའ་མེད་ཅེས་བརྗོད་བྱུང་། དེ་ནས་རྨ་ཆེན་རྫོང་སློབ་གསོ་ལས་ཁུངས་ལ་གནས་ཚུལ་རྩད་གཅོད་བྱེད་དུས། ང་ཚོ་སློབ་གསོ་ལས་ཁུངས་ཀྱིས་ལན་འདེབས་བྱེད་པའི་དབང་ཚད་མེད་ཅེས་བརྗོད་བྱུང་།
ཤེས་རྟོགས་བྱུང་བར་གཞིགས་ན། གོང་ཞུས་ཀྱི་སློབ་གྲྭ་འདི་རྣམས་འདི་ལོ་སློབ་དུས་གསར་པ་འགོ་བཙུགས་པའི་སྐབས་སུ་སྒོ་བརྒྱབ་ཡོད་པ་དང་། མགོ་ལོག་རྟ་བྲག་སློབ་གྲྭར་མཚོན་ན། ༢༠༠༥ ལོར་དེ་སྔ་ཇཱར་མ་ནི་ལ་ཡོད་པའི་རྟའུ་བློ་བཟང་དཔལ་ལྡན་ལགས་དམ་པ་ཁོང་གིས་བཙུགས་གནང་སྟེ་དྭ་ཕྲུག་ཚོར་སློབ་གསོ་དང་ཁྱིམ་ཚང་གི་དྲོ་སྐྱིད་ཁོར་ཡུག་ཅིག་བསྐྲུན་འདུག་ལ། འདས་པའི་ལོ་ངོ་ ༢༡ ཙམ་གྱི་རིང་སློབ་མ་ཚོས་སློབ་སྤྱི་ཐུབ་བསྟན་ཉི་མ་ལགས་སུ་སློབ་གཙོ་ཨ་ཕ་ལགས་ཞེས་འབོད་ཀྱི་ཡོད་ཅིང་། ཁོང་གིས་རྒྱུན་དུ་རང་ཉིད་ཀྱི་བུ་ཕྲུག་བཞིན་ཕྲུ་གུ་ཚོར་བྱམས་སྐྱོང་གསོ་སྐྱོང་གནང་ཡོད།

མགོ་ལོག་རྟ་བྲག་སློབ་གྲྭ་དབུ་བརྙེས་ནས་ལོ་ངོ་ ༢༠ འཁོར་བའི་མཛད་སྒོའི་ཐོག་སློབ་སྤྱི་ཐུབ་བསྟན་ཉི་མ་ལགས་ཀྱིས་ད་ལྟའི་ཆར་སློབ་མ་ཆིག་སྟོང་ལྷག་ཙམ་གསོ་སྐྱོང་བྱེད་དང་བྱེད་བཞིན་ཡོད་པས། སློབ་གྲོགས་འགའ་ཤས་གཞུང་ཞབས་པའི་ལས་ཀ་དང་། དགེ་རྒན་གྱི་ལས་གནས། ཚོང་ལས་སོགས་ལ་འབད་པས་སློབ་མ་གང་མང་འབྱོན་དང་བྱོན་བཞིན་ཡོད་པར་དགའ་བ་དང་སྤྲོ་བ་ཚད་མེད་སྐྱེ་བཞིན་ཡོད་ཅེས་གཏམ་བཤད་སྤེལ་ཡོད་འདུག ཡང་སྤྱི་ཚོགས་དྲ་ལམ་ཐོག་ཐོན་པའི་བརྙན་ཞིག་གི་ནང་དུ་སློབ་སྤྱི་ཐུབ་བསྟན་ཉི་མ་ལགས་ཀྱིས་ང་ཚོ་སློབ་ཕྲུག་རྣམ་པ་དང་དགེ་རྒན་རྣམ་པ་ཐུགས་སེམས་སྐྱོ་སྐྱོ་མ་གནང་། ང་ཚོ་ཚང་མ་ལས་དང་སྐལ་བ་ཡོད་ན། ལྷན་འཛོམས་ཡོང་བའི་དགེ་སློབ་ཚང་མ་མཉམ་དུ་དགའ་བའི་གླུ་དབྱངས་ལེན། སྐྱིད་པའི་བྲོ་འཁྲབ་རྒྱུའི་དུས་ཚོད་ཅིག་ཡོང་བར་ངས་སྙིང་ཐག་པ་ནས་སྨོན་འདུན་རྒྱུ་ཡིན་ཞེས་གསུངས་འདུག ཡང་གཏམ་བཤད་འདི་སློབ་གྲྭ་སྒོ་བརྒྱབ་པའི་མཚམས་འདིར་ཡིན་མིན་འགྲེལ་བརྗོད་གང་ཡང་བྱས་མི་འདུག
སྤྱི་ཚོགས་དང་སློབ་གསོ་རིག་པའི་ཞིབ་འཇུག་གནང་མཁན་འབུམ་རམས་པ་ལྡོང་ཕྱིང་གུར་བ་རྒྱལ་ལོ་ལགས་ཀྱིས་མགོ་ལོག་ཁུལ་གྱི་སློབ་གྲྭ་གསུམ་སྒོ་བརྒྱབ་པ་འདི་རྒྱ་ནག་གཞུང་གིས་བོད་ཁུལ་གྱི་སློབ་གསོའི་སྲིད་བྱུས་ལ་འགྱུར་བ་ཆེན་པོ་ཞིག་ཡིན་པར་ངོས་འཛིན་གནང་གི་འདུག་ལ། རྒྱ་ནག་གཞུང་གི་མིག་ནང་བོད་པ་རང་གིས་བཙུགས་པའི་ཁོང་ཚོ་སོ་སོའི་རིག་གཞུང་འདི་སྒྲིག་འཛུགས་ཀྱི་ཐོག་ནས་སློབ་སྦྱོང་བྱེད་ས་དང་སློབ་ཁྲིད་བྱེད་སའི་སྒྲིག་འཛུགས་ཤིག་མཐོང་རྒྱུར་མིག་ནང་གི་ཚེར་མ་ལྟར་ཆགས་ཡོད། དེར་བརྟེན་མེད་པ་བཟོས་པ་རེད་ཅེས་དང་། འདི་ནི་ཞི་ཅིན་ཕིང་མཚོ་སྔོན་ལ་སླེབས་རྗེས་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་བཙུགས་པའི་སློབ་གྲ་སྒོ་བརྒྱབ་པ་དང་དེ་རྗེས་ཟི་ལིང་གི་མཚོ་ཤར་ཁུལ་དུ་སློབ་འབྲིང་གསར་པ་ཞིག་གསར་རྒྱག་བྱས་ཡོད་པ་གསུངས་བྱུང་།

རྒྱ་ནག་གཞུང་གིས་སྒོ་བརྒྱབ་པའི་སློབ་གྲྭ་གཞན་ཞིག་ནི་ར་རྒྱ་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་འདི་ཡིན་ཞིང་། ༢༠༠༥ ལོའི་ཟླ་ ༡༠ ཚེས་ ༡༥ ཉིན་སློབ་གསོ་བ་འཇིགས་མེད་རྒྱལ་མཚན་ལགས་ཀྱིས་བཙུགས་གནང་བ་དང་། སློབ་ཁྲིད་ཐོག་བོད་ཡིག་དང་། རྒྱ་ཡིག དབྱིན་ཡིག་གསུམ་དང་། རྩིས་རིག ཚན་རིག རིག་གནས་དང་ལུས་རྩལ་སོགས་དེང་རབས་ཀྱི་སློབ་ཚན་དང་བོད་ཀྱི་རིག་གནས་ཟུང་འབྲེལ་བྱས་པའི་ཐོག་ར་རྒྱའི་སློབ་གྲྭ་ཁག་གིས་གྲྭ་སའི་རིག་ལམ་གྱི་སློབ་སྟངས་ལྟ་བུའི་ཐབས་ལམ་ཡང་དེང་རབས་སློབ་ཁྲིད་ནང་བེད་སྤྱོད་དང་། སློབ་མ་ཚོའི་ཁྲོད་བྱེད་སྒོ་སྣ་ཚོགས་གོ་སྒྲིག་བྱེད་པ་སོགས་ཡོད་འདུག གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་ནས་གསོ་སྐྱོང་བྱུང་བའི་བོད་པའི་བུ་མོ་མང་པོ་ད་ཆ་ལས་གནས་འདྲ་མིན་གྱི་ནང་རང་རྐྱ་འཕེར་བའི་ཐོག་ནས་སྤྱི་ཚོགས་ནང་ཞབས་འདེགས་གྲུབ་ནས་ཡོད་འདུག
སྤྱི་ཚོགས་དང་སློབ་གསོ་རིག་པའི་ཞིབ་འཇུག་གནང་མཁན་འབུམ་རམས་པ་ལྡོང་ཕྱིང་གུར་བ་རྒྱལ་ལོ་ལགས་ཀྱིས་རྒྱ་ནག་གཞུང་གིས་སློབ་གྲྭ་སྒོ་བརྒྱབ་པ་འདིས་ཤུགས་རྐྱེན་དང་པོ་འདི་སོ་སོའི་ཕ་ཡུལ་ལ་ཡོད་པའི་ཉེན་རེ་རེའི་ནང་ལག་ལེན་བྱེད་ཀྱི་བོད་ཀྱི་སྲོལ་རྒྱུན་དང་འགྲོ་ལུགས་འགྲོ་སྟངས་དང་རྒྱང་ཐག་རིང་རུ་འགྲོ་རྒྱུ་རེད། གཉིས་པ་འདི་བཅའ་སྡོད་སློབ་གྲྭའི་ནང་སླེབས་དུས་བསླབ་གཞི་ཆ་ཚང་རྒྱ་ནག་གི་སྟངས་འཛིན་བྱས་ནས་ཡོད་ཅེས་གསུངས་བྱུང་།
ཡང་མགོ་ལོག་ཁུལ་གྱི་ར་རྒྱ་གྲོང་རྡལ་བཅའ་སྡོད་སློབ་གྲྭ་གཉིས་པའམ་ཇ་སག་སློབ་ཆུང་འདི་ཐོག་མར་ ༡༩༩༥ ལོར་འབྲོག་པ་མང་ཚོགས་ཀྱིས་མ་དངུལ་བསྡུ་རུབ་བྱས་ནས་བཙུགས་པ་དང་། ༢༠༠༨ ལོར་ར་རྒྱ་གྲོང་རྡལ་བཅའ་སྡོད་སློབ་གྲྭ་གཉིས་པ་ཟེར་མིང་བསྒྱུར་བྱས་ཤིང་། སློབ་གྲྭ་འདི་ལོ་ངོ་ ༣༡ གི་རྗེས་སུ་རྒྱ་ནག་གཞུང་གིས་སྒོ་བརྒྱབ་ཡོད་འདུག
གོང་ཞུས་སློབ་གྲྭ་འདི་རྣམས་ཀྱི་སློབ་མ་དང་དགེ་ལས་ཚོའི་གནས་སྟངས་ཁ་གསལ་མེད་པའི་ཐོག་མགོ་ལོག་གི་སློབ་གསོ་ཚན་པ་ནས་ཕྱི་གསལ་ནང་གསལ་མེད་པར་སློབ་གྲྭའི་དགེ་ལས་ལ་གནོན་ཤུགས་ཆེན་པོའི་ཐོག་ནས་སློབ་གྲྭ་སྒོ་བརྒྱབ་ཡོད་པ་བོད་ནང་ནས་བརྗོད་བྱུང་།

མགོ་ལོག་ནང་གི་སློབ་གྲྭ་ཁག་སྒོ་བརྒྱབ་པའི་དུས་མཚུངས་སུ་མགོ་ལོག་གི་སློབ་མ་ཚོ་རང་གི་ས་ཁུལ་ནས་སྤྱི་ལེ་བརྒྱ་ཕྲག་གིས་རྒྱང་ཐག་ཆོད་པའི་ས་ཆར་སློབ་གསོ་སྤྲོད་པའི་སློབ་གྲྭ་ཆེ་གྲས་གཉིས་བཙུགས་ཟིན་ཡོད་ཅིང་། མགོ་ལོག་ཟི་ལིང་མི་རིགས་སློབ་འབྲིང་ནི་ ༢༠༡༩ ལོའི་ཟླ་ ༩ ཚེས་ ༡ ཉིན་དངོས་སུ་སློབ་འགོ་བཙུགས་པ་དང་། ཟི་ལིང་དུ་ཆགས་པའི་བཅའ་སྡོད་སློབ་གྲྭ་ཞིག་དང་། ༢༠༢༤ ལོའི་གཞུང་ཕྱོགས་ཀྱི་གྲངས་ཐོར་གཞིགས་ན། སློབ་མ་ ༨༠༠ ཡོད་པའི་ནང་ ༧༧༨ བོད་རིགས་ཡིན་པ་དང་། སློབ་མ་ཚང་མ་མགོ་ལོག་ཁུལ་ནས་ཡོང་བ་རེད་འདུག་ལ། མགོ་ལོག་ཟི་ལིང་མི་རིགས་འབྲིང་སློབ་ཀྱི་གཞུང་འབྲེལ་ངོ་སྤྲོད་ཁག་ནང་རྒྱ་ནག་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་ཟེར་བ་སློབ་གསོའི་གཙོ་ཐིག་ཏུ་འཛིན་རྒྱུར་ནན་བཤད་བྱས་འདུག
ཡང་འདི་ལོའི་ཟླ་ ༩ ཚེས་ ༡ ཉིན་མགོ་ལོག་མཚོ་ཤར་སློབ་འབྲིང་འདི་ཡང་དངོས་སུ་འགོ་བཙུགས་ཡོད་པ་དང་། ཐོག་མར་སློབ་མ་ ༡༢༠༠ བསྡུས་པའི་ནང་། དམའ་འབྲིང་ལ་སློབ་མ་ ༥༠༠ དང་མཐོ་འབྲིང་ལ་སློབ་མ་ ༧༠༠ ཡོད་ཅིང། དགེ་རྒན་ ༨༤ དང་། མ་འོངས་པར་སློབ་མ་ ༣༦༠༠ ཤོང་བའི་འཆར་གཞི་ཡོད་འདུག གཞུང་ཕྱོགས་ཀྱིས་ས་གནས་གཞན་དུ་སློབ་གྲྭ་གཉེར་བ་ནི་མགོ་ལོག་གི་ས་བབ་མཐོ་བ་དང་། དགེ་རྒན་དང་སློབ་གསོའི་ཐོན་ཁུངས་མི་འདང་བའི་དཀའ་ངལ་སེལ་ནས་སློབ་གསོའི་སྤུས་ཚད་ཡར་རྒྱས་གཏོང་ཆེད་ཡིན་པར་བརྗོད་འདུག
འོན་ཀྱང་སྤྱི་ཚོགས་དང་སློབ་གསོ་རིག་པའི་ཞིབ་འཇུག་གནང་མཁན་འབུམ་རམས་པ་ལྡོང་ཕྱིང་གུར་བ་རྒྱལ་ལོ་ལགས་ཀྱིས་ངོས་འཛིན་གནང་བར། བོད་མི་རིགས་ཁྱོན་ཡོངས་ནས་རྒྱ་བསྒྱུར་བྱ་རྒྱུའི་འཆར་གཞི་རེད་འདུག ས་ཆ་ཆུང་ཆུང་ཞིག་གི་གནད་དོན་ཞིག་མ་རེད། འདི་ཁྱོན་ཡོངས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པའི་འཆར་གཞི་ཞིག་རེད། ཡིན་ན་ཡང་ང་ཚོ་བོད་མི་རིགས་འདི་ལོ་རྒྱུས་ཡུན་རིང་པོ་དང་ས་ཆ་རྒྱ་ཆེན་པོ། མི་འབོར་མང་པོ་ཡོད་པའི་མི་རིགས་ཆེན་པོ་ཞིག་ཡིན་ཙང་། ལུང་པ་མི་འདྲ་བར་ཐབས་ཤེས་མི་འདྲ་བ་དང་སྲིད་བྱུས་མི་འདྲ་བ་ལག་བསྟར་བྱས་ནས་མཐའ་མའི་དམིགས་ཡུལ་ནི་བོད་མི་རིགས་ཀྱི་མི་རབས་གསར་པ་རྒྱ་མིར་སྒྱུར་རྒྱུ་འདི་རེད་ཅེས་གསུངས་བྱུང།
མགོ་ལོག་ཁུལ་གྱི་སློབ་གསོ་ཚན་པ་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ནས་རྒྱ་ནག་ཀྲུང་ཧྭ་མི་རིགས་ཀྱི་འདུ་ཤེས་སློབ་གསོ་སྤེལ་དགོས་པ་དང་། སློབ་མ་ཚོས་དམར་ཤོག་ཚོགས་པའི་སྐད་ཆར་ཉན་དགོས་པ། དམར་ཤོག་ཚོགས་པའི་རྗེས་སུ་འབྲངས་དགོས་པ་སོགས་ཀྱི་སློབ་གསོ་དྲིལ་བསྒྲགས་ཤུགས་ཆེན་སྤེལ་བཞིན་ཡོད་པའི་ཐོག་སློབ་དུས་གསར་པ་འགོ་བཙུགས་པའི་སྐབས་དེར་སློབ་གྲྭ་ཁག་ནང་བྱེད་སྒོ་སོགས་ཀྱི་ཐོག་ནས་བོད་ཕྲུག་ཚོར་སློབ་གསོ་བཏང་ཡོད་འདུག
མཐར་འབུམ་རམས་པ་ལྡོང་ཕྱིང་གུར་བ་རྒྱལ་ལོ་ལགས་ཀྱིས་ སྐད་ཀྱི་ཤེས་ཡོན་སློབ་གསོའི་གཞུང་ལུགས་ཐོག་ནས་བཤད་ན། ཁྱིམ་ཚང་སློབ་གསོ་མ་མ་བརྟེན་པར་སྐད་ཡིག་མི་རབས་རྗེས་མར་སློབ་སྦྱོང་སྤྲད་པའི་ཐབས་ལམ་གཞན་ཞིག་མེད་པ་གསལ་པོ་ཡོད། ཁྱིམ་ཚང་སློབ་གསོའི་ཐོག་ནས་ཕ་སྐད་དང་མ་ཡིག་སོ་སོའི་མི་རབས་རྗེས་མར་ཁྱིམ་ཚང་ནས་ནས་རྨང་གཞི་གཏིང་དགོས་པ་འདི་གསལ་པོ་རེད་ཅེས་གསུངས་བྱུང་།
མགོ་ལོག་ཏུ་ལོ་མང་རིང་སློབ་གསོ་སྤྲད་པའི་སློབ་གྲྭ་ཁག་སྒོ་བརྒྱབ་པའི་རྗེས་སུ། སློབ་མ་ཚོ་གང་དུ་བཏང་ཡོད་པ་དང་། ཁོང་ཚོར་བོད་སྐད་དང་རིག་གཞུང་གི་སློབ་གསོ་ག་ཚོད་ཙམ་མུ་མཐུད་ཐོབ་ཀྱི་ཡོད་པ། དེ་བཞིན་ཁྱིམ་ཚང་དང་ས་གནས་སྤྱི་ཚོགས་དང་འབྲེལ་བ་ཇི་ཙམ་ཉར་ཐུབ་མིན་ནི། བོད་ཁུལ་གྱི་སློབ་གསོར་ལྟ་སྐབས་གལ་ཆེའི་གནད་དོན་ཞིག་ཆགས་ཡོད།།
པར་རིས་སྒྲིག་བཟོ་དང་བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།
འབྲེལ་ཡོད་གནས་ཚུལ།
མགོ་ལོག་རྨ་ཆེན་རྫོང་ཁོངས་སློབ་གྲྭ་༣ སྒོ་བརྒྱབ་པ་ནི་“མི་རིཊ་གནས་མི་ཐུབ་པ་བཟོ་ཐབས་རེད།"
མགོ་ལོག་ར་རྒྱའི་གངས་ལྗོངས་རྩྭ་ཐང་བུ་མོའི་སློབ་གྲྭ་ལོ་ ༢༡ རྗེས་སུ་སྒོ་བརྒྱབ་པ།
རྒྱ་ནག་གཞུང་གིས་བོད་ནང་སྒེར་གྱིས་བཙུགས་པའི་སློབ་གྲྭ་རིམ་པ་སྒོ་བརྒྱབ་ཏུ་བཅུག་པ།
