བྱེས་ཀྱི་གདན་ས་བཀྲིས་ལྷུན་པོར་ནང་ཆོས་དང་ཚན་རིག་དབར་གྱི་བགྲོ་གླེང་ཞིག་གོ་སྒྲིག་གནང་ཞིང་། ཚན་རིག་གི་ཐབས་ལམ་བརྒྱུད་ནང་པའི་བྱམས་སྙིང་རྗེ་དང་སེམས་ཀྱི་ཞི་བདེ་འཛམ་གླིང་ནང་གོང་སྤེལ་གཏོང་རྒྱུར་ཕན་ཐོགས་ཡོད་པར་ངོས་འཛིན་གནང་གི་འདུག
རྒྱ་གར་ལྷོ་ཕྱོགས་སྦེ་ལ་ཀོ་པིར་རྟེན་གཞི་བྱས་པའི་ཆོས་སྡེ་བཀྲིས་ལྷུན་པོ་དགོན་པའི་མཁན་རིན་པོ་ཆེ་གཟིག་རྒྱབ་སྤྲུལ་སྐུ་མཆོག་གིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ནང་ཆོས་དང་ཚན་རིག་དབར་བགྲོ་གླེང་གནང་པའི་མཛད་འཕྲིན་དེས་དགེ་མཚན་ཆེན་པོ་བྱུང་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་རབས་བརྒྱད་ཅུ་ཙམ་ནས་སེམས་དང་སྲོག་གཙོ་བོ་འགྱུར་པའི་ནང་ཆོས་དང་ཚན་རིག་དབར་ལ་བགྲོ་གླེང་དང་ལེགས་ཆ་ལེན་རེས་མཛད་དེ་ལོ་ངོ་ ༤༠ ཙམ་སོང་ཡོད། དེ་ཡང་བདེན་དོན་འཚོལ་ཞིང་ཤེས་རིག་གོང་འཕེལ་གྱིས་འཛམ་གླིང་ཞི་བདེ་བསྐྲུན་རྒྱུར་དགོངས་པ་བཞེས་ཡོད་པ་ལྟར། ༧སྐུའི་གོ་སྟོན་གྱི་བྱམས་བརྩེའི་ལོ་སྲུང་བརྩི་ཞུ་བཞིན་པ་དང་བསྟུན། ཆོས་སྡེ་བཀྲིས་ལྷུན་པོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དང་མཐུན་པར་ནང་ཆོས་དང་ཚན་རིག་དབར་གྱི་བགྲོ་གླེང་ཞིག་ཕྱི་ཟླ་ ༤ ཚེས་ ༨ ཉིན་གོ་སྒྲིག་གནང་འདུག བཀྲིས་ལྷུན་པོའི་ཚན་རིག་སྡེ་ཚན་གྱི་འགན་འཛིན་དཀའ་ཆེན་རིག་འཛིན་ནོར་བུ་ལགས་ཀྱིས། ཚན་རིག་གི་ཐབས་ལམ་བརྒྱུད་ནས་ང་རང་ཚོའི་བྱམས་སྙིང་རྗེ་དང་སེམས་ལ་ཞི་བདེ་འཚོལ་ཐབས་སོགས་ང་ཚོས་འཛམ་གླིང་ལ་ཞབས་འདེགས་འགྲུབ་རྒྱུའི་གོ་སྐབས་ཆེན་པོ་ཡོད་པ་རེད་ཅེས་གསུངས་བྱུང་།
བགྲོ་གླེང་གཙོ་སྐྱོང་བ་སེར་སྨད་གྲྭ་ཚང་གི་སློབ་གྲྭའི་སློབ་སྤྱི་བསྟན་འཛིན་མཚན་ལེགས་ལགས་ཀྱིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཚན་རིག་དང་ནང་ཆོས་དབར་ལ་འབྲེལ་ལམ་དང་བགྲོ་གླེང་གནང་རྒྱུའི་ཐུགས་དགོངས་ཟབ་མོ་སྒྲུབ་ཐབས་སུ་རེ་བ་ཆེན་པོ་ཡོད་པ་གཞིར་བཟུང་། དགེ་འདུན་པ་རྣམས་ཆུང་དུས་སློབ་གྲྭ་འགྲིམ་པའི་སྐབས་ནས་ཚན་རིག་གི་ཐོག་དོ་དབྱིངས་དང་རྨང་གཞི་ཡག་པོ་གཏིང་དགོས་པའི་དགོངས་འཆར་འདོན་གནང་གི་འདུག
དེ་བཞིན་ཡང་དགེ་འདུན་པ་རྣམ་པས་ནང་ཆོས་སློབ་གཉེར་གནང་ཞོར་དུ་དེང་དུས་ཚན་རིག་གི་སློབ་གཉེར་གནང་རྒྱུ་དེས་ནང་ཆོས་སློབ་གཉེར་གྱི་ཐོག་ལ་ཕན་ཐོགས་བྱུང་པ་དང་དགེ་ཚན་ཡོད་སྐོར་བཀྲིས་ལྷུན་པོའི་ཚན་རིག་སློབ་མ་གཉིས་ཀྱིས་དགོངས་ཚུལ་གསུངས་བྱུང་། དེ་ཡང་སློབ་མ་བསྟན་འཛིན་རྒྱལ་མཚན་ལགས་ཀྱིས། རྩ་བའི་ནང་ཆོས་དང་ཚན་རིག་གཉིས་ཀ་བརྟག་དཔྱད་ཀྱི་ལམ་ནས་གནས་ལུགས་ར་སྤྲོད་བྱེད་དགོས་ཀྱི་ཡོད་པ་དང་ཚན་རིག་གི་བརྟག་དཔྱད་བྱེད་སྟངས་དེ་ཚུལ་བཞིན་བྱེད་ཐུབ་ན་དེས་ནང་ཆོས་ལ་དད་པ་བརྟན་པོ་སྐྱེས་རྒྱུར་ཕན་ཐོགས་ཡོད་ཅེས་གསུངས་བྱུང་།
ཡང་སློབ་མ་ཐུབ་བསྟན་རྡོ་རྗེ་ལགས་ཀྱིས། དེང་སང་ཚན་རིག་གི་རྒྱུན་སྤྱོད་བྱེད་སྟངས་མང་པོ་ཞིག་སོ་སོས་ཤེས་རྟོགས་བྱུང་བ་དང་། སེམས་ཁམས་འཕྲོད་བསྟེན་སྐོར་ལ་ཤེས་པ། སྐྱེས་དངོས་དང་རྫས་སྦྱོར་དེ་བཞིན་དབང་རྩའི་ཚན་རིག་གསུམ་གྱི་ཐོག་གོ་རྟོགས་ཡོང་རྒྱུར་ཕན་ཐོགས་བྱུང་གི་ཡོད་ཅེས་གསུངས་བྱུང་།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་ལམ་སྟོན་ལྟར་གདན་ས་གྲྭ་ཚང་ཁག་གི་ནང་དུ་ཚན་རིག་སློབ་གཉེར་གནང་འགོ་བཙུགས་ཏེ་ལོ་ངོ་བཅུ་ཕྲག་འགའ་ཤས་ཕྱིན་ཡོད་ཅིང་། གདན་ས་གྲྭ་ཚང་ཁག་དང་མཉམ་འབྲེལ་གྱི་ཚན་རིག་དང་ནང་པའི་སྡེ་ཁག་གིས་ཐུགས་དམ་གྱི་སྐོར་དང་། སྒོམ་ཉམས་ལེན། དེ་བཞིན་གཉིད་ལ་བརྟག་དཔྱད། གཞན་ཡང་རྟགས་གསལ་བཅས་ཀྱི་སྐོར་ཉམས་ཞིབ་ཀྱི་ལས་གཞི་ཁག་ཅིག་འགྲོ་མུས་ཡིན་པ་རེད།།
