ལ་དྭཊ་སུ་བྷོ་ཌི་སྐད་ཀྱི་ཉིན་མོ་སྲུང་བརྩི་ཞུས་ཤིང་། རྒྱ་གར་གཞུང་གི་ངོས་འཛིན་ཐོབ་ཐབས་གནང་བཞིན་ཡོད་པ།
འདས་པའི་ལོ་ངོ་ ༣༠ ཙམ་ནས་ཧི་མ་ལ་ཡའི་ནང་པའི་རིག་གཞུང་ཚོགས་པའི་ངོས་ནས་བོད་སྐད་དང་བོད་ཡིག་ལ་བྷོ་ཊི་ཞེས་འབོད་ནས་རྒྱ་གར་དབུས་གཞུང་གི་ངོས་འཛིན་ཐོག་རྩ་ཁྲིམས་ཀྱི་ལེའུ་༨ པ་ནང་ཚུད་ཐབས་གནང་བཞིན་ཡོད་་འདུག དེ་མཚུངས་ཕྱི་ལོ་ ༢༠༢༢ ཟླ་ ༤ ཚེས་ ༡ ཉིན་རྒྱ་གར་གྱི་གྲོས་ཚོགས་འོག་མའི་ལ་དྭགས་ས་གནས་ཀྱི་སྤྱི་འཐུས་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་ལགས་ཀྱིས་རྒྱ་གར་གྱི་གྲོས་ཚོགས་ནང་སྒེར་གྱི་གྲོས་འཆར་སྟོན་པའི་རྗེས་ལ་དྭགས་སུ་ལོ་ལྟར་ཕྱི་ཟླ་ ༤ ཚེས་༡ ཉིན་སྟེ་བྷོ་ཊི་ཉིན་མོ་ཞེས་བརྩི་སྲུང་ཞུ་སྲོལ་ཡོད་པ་རེད།
དེ་ཡང་ཉིན་མོ་འདིར་གླེ་རྫོང་གི་རྫོང་དཔོན་གྱི་བཀའ་ཁྱབ་བཞིན་གཞུང་དང་སྒེར་གྱི་སློབ་གྲྭ་ཀུན་གྱི་ནང་ལ་དྭགས་ཉིན་མོ་ཞེས་བྷོ་ཊི་ཉིན་དེ་བརྩི་སྲུང་ཞུ་ཡི་ཡོད་པའི་ཁྲོད་གཞུང་འབྲེལ་གྱི་མཛད་སྒོ་གཙོ་བོ་ཨི་ལི་ཛར་ཇོལ་དན་དྲན་རྟེན་གྱི་མཐོ་སློབ་དུ་གཏམ་བཤད་ཀྱི་ལས་རིམ་ཞིག་གོ་སྒྲིག་ཞུས་འདུག
དེ་དུས་གཏམ་བཤད་གནང་མཁན་མང་པོ་ཞིག་གིས་དམངས་ནས་བོད་ཡིག་བཀོལ་སྤྱོད་བྱེད་སྐབས་ནོར་ཡོང་སྙམ་པའི་་སེམས་འཚབ་མ་བྱེད་པར་སོ་སོས་གང་ཐུབ་ངང་བེད་སྤྱོད་བྱེད་དགོས་པ་གསུངས་སོང་།
དུས་རྒྱུན་དུ་མི་རྣམས་ནས་སྤྱི་ཚོགས་དྲ་རྒྱའི་སྟེང་དབྱིན་ཇི་འགྲིག་ནོར་ལ་མ་བལྟོས་པར་བེད་སྤྱོད་བྱེད་ཀྱི་ཡོད་པ་བཞིན་དེ་ལྟར་བོད་ཡིག་བཀོལ་སྤྱོད་དགོས་པ་རྒན་ཚེ་རིང་ཆོས་འཕེལ་ལགས་ཀྱིས་གསུངས་སོང་།
ཡང་ལ་དྭགས་གླེ་བཟོ་ཤེས་རིག་སྡེའི་དྲུང་གཞོན་ཚེ་དབད་དཔལ་འབྱོར་ལགས་ཀྱིས་མི་རིགས་ཀྱི་ངོ་བོ་ཟེར་དུས་གཙོ་བོ་སྐད་ཡིག་ལ་རག་ལས་ཡོད་དུས་གཞོན་སྐྱེས་་ཀུན་ལ་སྐད་ཡིག་འདི་གལ་ཆེན་མཐོང་གི་མེད་ན་ཡང་ཡོང་རྒྱུའི་མི་རབས་ཀྱི་ཆེད་དུ་སྦྱང་བརྩོན་བྱེད་དགོས་ཞེས་དང་། ཡང་སྤྱི་ཚོགས་ནང་བོདཡིག་སྦྱོང་དགོས་རེད་ཟེར་བ་ཙམ་གྱི་འགྲིག་གི་མེད་པར་སྐད་ཡིག་འདི་སྤེལ་དགོས་ན་སྤེལ་ཐབས་བྱེད་པའི་འགན་འཁྱེར་དགོས་ཀྱི་ཡོད་པ་གསུངས་སོང་།

ལ་དྭགས་སུ་ཆོས་ལུགས་དབྱེ་བ་མེད་པར་མི་མང་པོས་བོད་ཡིག་ལ་དོ་སྣང་བྱེད་པ་ནི་རང་རེ་སྐད་ཀྱི་རྩ་བར་ཐུག་པའི་རྒྱུ་མཚན་་ཡིན་པ་གུལ་ཛར་ཧུ་སེན་ལགས་ཀྱི་གསུངས་བྱུང་། ཁོང་ནི་ལ་དྭགས་སུ་བྷལ་ཏི་རྩོམ་རིག་གི་དགེ་རྒན་ཞིག་ཡིན་པ་དང་ཁོང་གི་བྷལ་ཏི་གཞས། ཆོས་གླུ་དང་སྒྲུང་སོགས་བོད་ཡིག་ནང་སློབ་ཕྲུག་ཀུན་ལ་བསླབ་ཀྱི་ཡོད་པ་རེད་འདུག
དེ་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་སྐུ་དྲིན་ལ་བརྟེན་བོད་མི་རྣམས་བཙན་བྱོལ་ལ་འབྱོར་་པ་ནས་བཟུང་རང་རེ་སྐད་དང་རིག་གཞུང་མི་ཉམས་གོང་འཕེལ་བྱེད་པར་་དམིགས་ནས་བོད་པའི་སློབ་གྲྭ་ལོགས་སུ་གསར་འཛུགས་གནང་ཡོད་པ་ནི་རྒྱ་གར་གཞུང་གི་བོད་ཀྱི་སྐད་དང་ཡི་གེ་ལ་ངོས་འཛིན་གྱིས་བཀའ་དྲིན་ལ་བརྟེན་ནས་་རེད། དེ་དང་འབྲེལ་ནས་བོད་སྐད་ལ་ལོགས་སུ་བྷོ་ཊི་ཞེས་འབོད་ནས་སྐད་ཡིག་སྲུང་སྐྱོབ་ཀྱི་ལས་གཞི་སྤེལ་བ་ནི་ཧི་མ་ལ་ཡའི་ལྗོངས་སུ་བཞུགས་པའི་རྒྱ་གར་རང་གི་མི་སེར་མང་པོ་བོད་སྐད་དམ་བྷོ་ཊི་བེད་སྤྱོད་བྱེད་མཁན་ཀུན་ལ་ཆབ་སྲིད་ཀྱི་རྒྱུ་མཚན་ཐོག་ནས་ཡིན་པ་ཧི་མ་ལ་ཡའི་ནང་པའི་རིག་གཞུང་ཚོགས་པའི་ཚོགས་མི་མཁན་ཟུར་རིན་པོ་ཆེ་བློ་བཟང་རྒྱལ་མཚན་ལགས་ཀྱིས་གསུངས་བྱུང་།
ཡང་ལ་དྭགས་བོད་ཁྱིམ་སློབ་གྲྭར་ཕྱི་ཟླ་༤ ཚེས ༡ ཉིན་བོད་ཀྱི་སྐད་ཡིག་ཉིན་མོ་ཞེས་སྲུང་བརྩི་ཞུས་ཡོད་འདུག་ལ་ཕྱི་ཟླ་ ༤ གང་པོ་སྟེ་བོད་ཀྱི་སྐད་ཀྱི་ཟླ་བ་ཞེས་སྲུང་བརྩི་ཞུ་རྒྱུ་ཡིན་པ་རེད་འདུག
རྒྱ་གར་དབུས་གཞུང་ནས་ངོས་འཛིན་ཡོད་པ་རྒྱ་གར་གྱི་རྩ་ཁྲིམས་ཀྱི་ལེའུ་ ༨ ནང་ད་ལྟའི་འཆར་སྐད་ཡིག་ ༢༢ ཡོད་པ་དང་ཡང་རྒྱ་གར་དབུས་གཞུང་ནས་ངོས་འཛིན་ཡོང་པར་དགོས་འདུན་འདོན་མཁན་བྷོ་ཊི་ཚུད་པའི་སྐད་ཡིག་འདྲ་མིན་ཁྱོན་ ༣༨ ཡོད་འདུག
