དགེ་འདུན་པ་དར་རྒྱས་ལཊ་སུ་གསང་བའི་འོག་ལོ་ ༧ གྱི་བཙོན་འཇུག་ཁྲིམས་ཆད་བཀལ་འདུག

གསེར་རྟ་དགོན་པའི་དགེ་འདུན་པ་དར་རྒྱས་ལཊ་སུ་གསང་བའི་འོག་ལོ་ ༧ གྱི་བཙོན་འཇུག་ཁྲིམས་ཆད་བཀའ་འདུག

གསེར་རྟ་དགོན་པའི་དགེ་འདུན་པ་དར་རྒྱས་ལཊ་སུ་གསང་བའི་འོག་ལོ་ ༧ གྱི་བཙོན་འཇུག་ཁྲིམས་ཆད་བཀའ་འདུག

རྒྱ་ནག་གཞུང་གིས་གསེར་རྟ་དགོན་པའི་དགེ་འདུན་པ་དར་རྒྱས་ལགས་སུ་ལོ་བདུན་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་བོད་ནང་དུ་འབྲེལ་བ་ཡོད་པའི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་། ཁོང་ནི་ཕྱི་ལོ་ ༢༠༢༡ ཟླ་ ༨ པའི་ནང་ལྷ་ས་ནས་འཛིན་བཟུང་བྱས་ཤིང་། ཁྲིམས་ཁང་གང་ཞིག་གིས་ག་དུས་ཁྲིམས་ཐག་བཅད་པ་སོགས་ཁ་གསལ་ཤེས་རྟོགས་ཡོང་གི་མེད་སྟབས། ལོ་བདུན་གྱི་དུས་བཀག་བཙོན་འཇུག་གི་དུས་ཡུན་དེ་ག་དུས་འགོ་བཙུགས་པ་དང་ག་དུས་མཇུག་སྒྲིལ་གྱི་ཡོད་མེད་སྐོར་གནས་ཚུལ་ཤེས་རྟོགས་ཐུབ་ཁག་པོ་འདུག་ཅེས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཟླ་བ་བཀྲ་ཤིས་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འབྲེལ་ཡོད་མི་སྣ་ཞིག་བརྒྱུད་གནས་ཚུལ་འབྱོར་གསལ་ལྟར་ན། རང་ལོ་ ༦༤ ཡིན་པའི་དགེ་འདུན་པ་དར་རྒྱས་ལགས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་སྐྱབས་ཞུ་དང་བསྔོ་རྟེན་ཕུལ་བ་དང་། དེ་བཞིན་བོད་ནས་བཙན་བྱོལ་དུ་སྐྱོད་མཁན་གྱི་དགེ་འདུན་པར་མཐུན་འགྱུར་བྱས་པའི་ཉེས་མིང་བཙུགས་ཏེ་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་འདུག་ཅིང་། ཁོང་ལ་ཁྲིམས་ཐག་བཅད་པའི་གནས་ཚུལ་དེ་ཕྱི་ལོ་ ༢༠༢༦ ཟླ་དང་པོའི་ཟླ་མཇུག་ཙམ་ལ་འབྲེལ་ཡོད་ནང་མིས་གཞི་ནས་ཤེས་རྟོགས་བྱུང་ཡོད་པ་ལས། རྒྱ་ནག་གཞུང་གིས་ཁོང་བཙན་ཁྲིད་བྱས་པའི་རིང་གི་གནས་སྟངས་སོགས་ནང་མིར་གསལ་བཤད་གང་ཡང་བྱས་མེད་པ་རེད།

ཕྱི་ལོ་ ༢༠༢༡ ལོར་འཛིན་བཟུང་བྱས་པའི་དགེ་འདུན་པ་དར་རྒྱས་ལགས་ཀྱི་གནས་ཚུལ་གྱི་ཟུར་ཙམ་ཞིག་ད་ཆ་གཞི་ནས་ཤེས་རྟོགས་བྱུང་བ་དེས། རྒྱ་ནག་གཞུང་གིས་བོད་ས་ཡོངས་ལ་འཛིན་པའི་སྲིད་བྱུས་དང་བོད་མི་སྤྱི་ལ་འཕྲད་བཞིན་པའི་དཀའ་ངལ་མཚོན་གྱི་ཡོད་ཅེས་ཟླ་བ་བཀྲ་ཤིས་ལགས་ཀྱིས་གསུང་གི་འདུག

རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་དབྱེ་ཞིབ་བྱས་པའི་ནང་། རྒྱ་ནག་གི་དབང་འཛིན་པས་དར་རྒྱས་ལགས་ཀྱི་གྱོད་དོན་ཐོག་ལ་འཛིན་པའི་བྱེད་སྟངས་འདི་ནི་རྒྱ་ནག་གི་ཉེས་ཁྲིམས་གཏུག་བཤེར་གྱི་ཁྲིམས་ཡིག་དང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་ལུགས་གཉིས་ཀར་འགལ་ཟླ་ཆགས་པ་ཞིག་ལ་ངོས་འཛིན་གནང་གི་འདུག་ཅིང་། དེ་ཡང་ཕྱི་ལོ་ ༡༩༨༨ ཟླ་ ༡༢ ཚེས་ ༩ ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་ཐོག་གཏན་འབེབས་གནང་པའི་གྲོས་ཆོད་ཨང་ ༤༣།༡༧༣ དང་། རྒྱལ་ཚོགས་ཀྱི་འཛིན་བཟུང་དང་བཙོན་འཇུག་གི་རྣམ་པ་གང་རུང་འོག་ཡོད་པའི་མི་ཚང་མར་སྲུང་སྐྱོབ་བྱེད་པའི་སྒྲིག་གཞིའི་དོན་ཚན་ ༡༦། ནེལ་སོན་མན་ཌེ་ལ་ཁྲིམས་སྲོལ་གྱི་དོན་ཚན་ ༥༨། དེ་བཞིན་བཙན་དབང་གིས་གར་སོང་མེད་པར་བཙན་ཁྲིད་བྱས་པའི་སྲུང་སྐྱོབ་ཀྱི་ཁྲིམས་ལུགས་དོན་ཚན་ ༡༧ དང་ ༡༨ བཅས་སུ་རྒྱལ་ཁབ་ཁག་གིས་བཙན་ཁྲིད་བྱས་པའི་མི་སྣའི་ནང་མིར་གང་ཟག་དེའི་གནས་སྟངས་དང་གར་ཡོད་སྐོར་གྱི་གནས་ཚུལ་དུས་ཐོག་ཏུ་མཁོ་སྤྲོད་བྱེད་དགོས་པར་འཁོད་ཡོད་པ་བཅས་དང་འགལ་བ་ཆགས་ཡོད་པ་གསལ་སྟོན་གནང་གི་འདུག

རྒྱ་ནག་གཞུང་གིས་བོད་ནང་འཛིན་བཟུང་བྱས་པའི་བོད་མི་ཙམ་མ་ཟད་འབྲེལ་ཡོད་ནང་མི་ལའང་དམ་བསྒྲགས་ཤུགས་ཆེ་བྱེད་ཀྱི་ཡོད་ཅིང་། བཙན་བྱོལ་ནང་གི་འབྲེལ་མཐུད་ཡོངས་སུ་བཀག་པའི་སྲིད་བྱུས་དེས་བོད་ནང་གི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཐུབ་རྒྱུ་ཧ་ཅང་དཀའ་བར་གྱུར་ཡོད་པ་བོད་ནང་ཉེ་འབྲེལ་མི་སྣ་ཡོད་པའི་བཙན་བྱོལ་ནང་གི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

གསེར་རྟ་རྫོང་།
གསེར་རྟ་རྫོང་གི་རྣམ་པ། གསེར་རྟ་རྫོང་། (མི་སེར་གྱི་པར།)

དགེ་འདུན་པ་དར་རྒྱས་ལགས་ནི་ཕ་ཡུལ་མགོ་ལོག་དབལ་ཤུལ་གསེར་རྟ་ནས་ཡིན་ཞིང་། གསེར་རྟ་དགོན་པའི་དགེ་འདུན་པ་ཞིག་རེད་འདུག རྒྱ་ནག་གཞུང་གིས་འཛིན་བཟུང་མ་བྱས་སྔོན་དགེ་འདུན་པ་དར་རྒྱས་ལགས་ནི་རྒྱུན་ལྡན་ལྷ་སར་བཞུགས་ཀྱི་ཡོད་ཅིང་། སྐབས་རེ་བླ་མ་དང་དགེ་བཤེས་ཚོའི་དྲུང་ནས་བཀའ་ཆོས་གསན་ནས་བཞུགས་ཡོད་ལ། ལྷ་སར་བཞུགས་ཡུན་རིང་སྐུ་འདྲར་གཟུང་བཞུགས་འབུལ་སའི་ཚོང་ཁང་ཆུང་ངུ་ཞིག་གཉེར་ཡོད་འདུག

བརྙན་པར་སྒྲིག་སྦྱོར་བ། བསྟན་འཛིན་དོན་ཡོད།