ཞོ་སྟོན་གྱི་བྱེད་སྒོ་ཁག་བཀག་ཡོད་ཀྱང་བོད་ཞི་བའི་བཅིངས་གྲོལ་བཏང་ཚུལ་གྱི་མཛད་སྒོ་ཚོགས་འདུག

2021.08.20
ཞོ་སྟོན་གྱི་བྱེད་སྒོ་ཁག་བཀག་ཡོད་ཀྱང་བོད་ཞི་བའི་བཅིངས་གྲོལ་བཏང་ཚུལ་གྱི་མཛད་སྒོ་ཚོགས་འདུག ལྷ་སའི་ཕོ་བྲང་པོ་ཏཱ་ལའི་མདུན་ཐང་། ༨།༡༩།༢༠༢༡
AP

རྒྱ་ནག་གཞུང་གིས་ངོ་བོ་འགྱུར་བའི་ཏོག་དབྱིབས་རིམས་ནད་འགོས་ཁྱབ་སྔོན་འགོག་བཤད་ནས་ལྷ་སར་ཞོ་སྟོན་གྱི་བྱེད་སྒོ་ཁག་མེད་པར་བཟོས་ཡོད་ཀྱང་བོད་ཞི་བའི་བཅིངས་གྲོལ་བཏང་ཚུལ་གྱི་མཛད་སྒོ་ཚོགས་འདུག
སྤྱི་ཟླ་༨་པའི་ཚེས་༡༩་ཉིན་གློ་བུར་གསལ་བསྒྲགས་དང་མཉམ་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་དབུས་ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་གཙོ་ཝང་དབྱང་གི་སྣེ་ཁྲིད་འོག་བོད་ཞི་བའི་བཅིངས་གྲོལ་བཏང་ནས་ལོ་༧༠་འཁོར་བ་ཟེར་བའི་མཛད་སྒོ་ཞིག་ཧ་ཅང་དམ་དྲག་འོག་ཕོ་བྲང་པོ་ཏཱ་ལའི་མདུན་ཐང་དུ་ཚོགས་ཡོད་པ་དང་། གཞུང་འབྲེལ་མཛད་སྒོའི་ཐོག་སློབ་ཕྲུག་དང་མི་དམངས་ཁྲི་གཅིག་ཙམ་འདུ་འཛོམས་བྱུང་ཡོད་པ་རྒྱ་ནག་གི་གསར་ལམ་ཁག་གིས་བསྒྲགས་ཡོད་པ་རེད། འོན་ཀྱང་ཀོ་ཝིཌ་༡༩་ངོ་བོ་འགྱུར་བའི་ཏོག་དབྱིབས་རིམས་ནད་སྔོན་འགོག་ཆེད་ཁ་རས་གྱོན་མཁན་དེ་ཙམ་མཐོང་རྒྱུ་མི་འདུག ཉེ་སྔོན་ཟླ་བརྒྱད་པའི་ཚེས་༥་ཉིན་ཀོ་ཝིཌ་༡༩་ངོ་བོ་འགྱུར་བའི་ཏོག་དབྱིབས་རིམས་ནད་སྔོན་འགོག་ཆེད་ད་ལོ་ལྷ་སར་ཞོ་སྟོན་སྐབས་མི་མང་འདུ་འཛོམས་ཀྱི་བྱེད་སྒོ་ཚང་མ་མཚམས་འཇོག་བྱེད་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ནས། ལྷ་ས་གྲོང་ཁྱེར་རིམས་ནད་ལ་ཁ་གཏད་གཅོག་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་བརྡ་ཁྱབ་ཨང་ལྔ་བ་ཟེར་བ་ཞིག་བཏང་ཡོད་པའི་ནང་། ནད་ཡམས་སྔོན་འགོག་འགན་ལེན་ཆེད། ༢༠༢༡་ལོའི་ལྷ་སའི་ཞོ་སྟོན་འགོ་ཚུགས་མཛད་སྒོ་དང་། ལྷ་མོའི་འཁྲབ་སྟོན་ལ་སོགས་པས་མཚོན་མི་མང་འདུ་འཛོམས་རང་བཞིན་གྱི་བྱེད་སྒོ་ཚང་མ་མཚམས་འཇོག་བྱེད་ཡོད་པ་བསྒྲགས་ཡོད།
དེ་སྔ་རྒྱ་ནག་ཝུའུ་ཧན་ནས་ཏོག་དབྱིབས་ནད་ཡམས་ཐོག་མར་མཆེད་རྗེས། བོད་ནང་ཕོ་བྲང་པོ་ཏཱ་ལ་དང་། གཙུག་ལག་ཁང་ལ་སོགས་པའི་གཙོས་ས་གནས་གང་སའི་དགོན་སྡེ་ཁག་མང་པོ་སྒོ་རྒྱབ་པ་དང་། ས་གནས་ཁག་གི་བར་འགྲོ་བསྐྱོད་འགྲུལ་བཞུད་བཀག་སྡོམ་བྱས་བའི་གནས་ཚུལ་བྱུང་ཡོད།
ཉེ་ལམ་ནས་སླར་ཡང་རྒྱ་ནག་ནང་(delta variant)་ཞེས་ཀོ་ཝིཌ་༡༩་ངོ་བོ་འགྱུར་བའི་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཀྱི་གནས་ཚུལ་ཐོན་རྗེས། རྒྱ་ནག་གཞུང་གིས་ཝུའུ་ཧན་གྲོང་ཁྱེར་གྱི་གྲོང་མི་ཚང་མར་ནད་ཡམས་དེ་འགོས་ཡོད་མེད་བརྟག་དཔྱད་བྱ་དགོས་པའི་བཀའ་རྒྱ་བཏང་བ་དང་། གྲོང་ཁྱེར་༢༠་ལྷག་གི་ནང་འགྲུལ་བཞུད་བཀག་སྡོམ་བྱས་བའི་གནས་ཚུལ་བྱུང་ཡོད་པ་རེད།

གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དིང་རི་རྫོང་དུ་སླར་ཡང་ཕྱི་ཚེས་ ༡༣ ཉིན་ས་ཡོམ་འགུལ་ཚད་ ༥.༡ ཅན་ཞིག་བརྒྱབ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎