༸གོང་ས་མཆོག་ནས་རྒྱ་རིགས་གྲྭ་བཙུན་ཞལ་གྲངས་ ༧༦ ལ་དགེ་ཚུལ་སློང་གི་སྡོམ་པ་བསྩལ།

2023.12.25
༸གོང་ས་མཆོག་ནས་རྒྱ་རིགས་གྲྭ་བཙུན་ཞལ་གྲངས་ ༧༦ ལ་དགེ་ཚུལ་སློང་གི་སྡོམ་པ་བསྩལ། ༸གོང་ས་མཆོག་གིས་དགེ་ཚུལ་མའི་སྡོམ་པ་སྩལ་བའི་སྐབས། ༢༠༢༣།༡༢།༢༥ ཉིན།
OHHDL

ཕྱི་ལོ་ ༢༠༢༣ ཟླ་བ་ ༡༢ ཚེས་ ༢༥ ཉིན་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གནས་མཆོག་རྡོ་རྗེ་གདན་དུ་རྟེན་གཞི་བྱས་པ། བོད་དགོན་དགའ་ལྡན་འཕེལ་རྒྱས་གླིང་དུ། རྒྱ་རིགས་གྲྭ་བཙུན་གསར་པ་ ༡༥༠ ལྷག་ལ་དགེ་ཚུལ་གྱི་སྡོམ་པ་འབོགས་ཆོག་དབུ་འཛུགས་མཛད་སོང་བ་དང་། སྐབས་དེར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ནང་ཆོས་ལ་དོན་གཉེར་ཡོད་མཁན་ཆོས་གྲོགས་ཕོ་མོ་ཚོས་དེ་རིང་དགེ་ཚུལ་སློང་གི་སྡོམ་པ་བསྒྲུབས་པ་དེ། མགོན་པོ་གང་ཉིད་ཀྱི་ཕྱོགས་ནས་དངོས་ཡོད་བསྟན་པའི་ཞབས་འདེགས་ཡིན་དགོངས་ཏེ་གཞན་དང་མི་འདྲ་བའི་ཐུགས་ཚོར་འབྱུང་གི་ཡོད་པའི་བཀའ་སློབ་བསྩལ་བ། 

ཐེངས་འདིའི་དགེ་ཚུལ་གྱི་སྡོམ་པ་འབོགས་ཆོག་གནང་སར། འབྲས་སྤུངས་བློ་གསལ་གླིང་གི་ལྡན་པ་བློ་ཆོས་རིན་པོ་ཆེ་མཆོག སེར་བྱེས་གྲྭ་ཚང་གི་ཆོས་ལྡན་རིན་པོ་ཆེ་མཆོག དེ་བཞིན་སེར་བྱེས་མཁན་ཟུར་བློ་བཟང་དོན་ཡོད་ལགས་དང་གཞན་ཡང་སྒོ་མང་གྲྭ་ཚང་གི་འོན་རྒྱལ་སྲས་རིན་པོ་ཆེ་བཅས་ནས། བོད་པའི་གདན་ས་གྲྭ་ཚང་ཁག་གསུམ་གྱི་བླ་མ་དང་མཁན་ཟུར་བཅས་ཀྱི་ཡང་སྲིད་མཆོག་སྤྲུལ་རྣམ་པ་བཞི་ཡི་དབུས་པའི་ཐའེ་ཝན་ཚོགས་ཉིད་ཆོས་ཚོགས་ཀྱི་ཚོགས་མི་འདུས་འཛོམས་ཡོད་པ་དང་། ༸གོང་ས་མཆོག་ནས་མུ་མཐུད་གྲྭ་བཙུན་རྣམས་ལ་སངས་རྒྱས་ཀྱི་ཆོས་ལ་སློབ་སྦྱོང་བྱོས། ཞེས་དང་། བསླབ་གསུམ་པོ་དེ་སོ་སོས་ཉམས་ལེན་གྱིས་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱ་དགོས་པའི་ལམ་སྟོན་བཀའ་སློབ་བཀྲིན་ཆེ་གནང་མཛད་འདུག

Main Page.jpg

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ད་ལན་རྒྱ་རིགས་རྣམས་ལ་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་བཀྲིན་ཆེ་གནང་མཛད་རྒྱུའི་མཛད་རིམ་སྐོར་ལ། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག་ནས། ཐེངས་འདིར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་རྒྱ་རིགས་ཚོར་དགེ་ཚུལ་ལམ་རབ་ཏུ་བྱུང་བའི་སྡོམ་པ་བསྩལ་ཡོད་པ་དང་། རྒྱ་ནག་གི་སྤྱི་ཚོགས་དེ་སྔོན་མ་ནས་ནང་པའི་སྤྱི་ཚོགས་ཤིག་ཆགས་བསྡད་ཡོད་པ་དང་། རྒྱ་ནག་གི་སྤྱི་ཚོགས་ཁྲོད་ནང་ཆོས་ལ་དོན་གཉེར་དང་དགེ་འདུན་པ་རབ་ཏུ་བྱུང་བའི་སྲོལ་དེ་ལོ་ངོ་སྟོང་ཕྲག་སྔོན་ནས་ཡོད་སྟབས། ལོ་འཆར་ཅན་རྒྱ་རིགས་རབ་ཏུ་བྱུང་མཁན་བརྒྱ་ཕྲག་ཁ་ཤས་ལ་དགེ་ཚུལ་སྒྲུབ་ཀྱི་ཡོད་པ་བཞིན། ད་ལོ་དེའི་ཆ་ཤས་ཤིག་མུ་མཐུད་གནས་མཆོག་རྡོ་རྗེ་གདན་དུ་འཕྲོ་སྐྱོང་གནང་བ་ཡིན་སྐོར་གསུངས་སོང་།

ཡང་སྟེང་རིན་པོ་ཆེ་མཆོག་ནས་མུ་མཐུད། སྡོམ་པ་ཞེས་པ་དེ་ནི་ཁྱིམ་པའི་བྱ་བ་སྤངས་ཏེ་ཁྱིམ་ནས་ཁྱིམ་མེད་པ་རབ་ཏུ་བྱུང་སྟེ་ཆོས་ཁོ་ནར་དོན་གཉེར་བྱ་རྒྱུ་དེ་ཡིན་པ་དང་། གཞན་ཡང་རིན་པོ་ཆེ་མཆོག་གིས་མུ་མཐུད་གསུངས་དོན་ལ། དགེ་ཚུལ་གྱི་སྡོམ་པ་ཞུས་པའི་རྗེས་སྲུང་བྱ་གཙོ་བོ་བཅུ་ཡི་གཙོས་པའི་བླངས་འདས་གསུམ་བཅུ་སོ་དྲུག་ཡོད་པ་དང་དགེ་སློང་གིས་ལུས་ངག་བྱ་སྤྱོད་རྩུབ་པོ་ཐམས་ཅད་དང་། འཇིག་རྟེན་པའི་མཐོང་སྣང་ལ་མི་མཛེས་པ་ཐམས་ཅད་སྤང་རྒྱུ་དེ་ཡིན་པ་གསུངས་གནང་སོང་།

Between.jpg

༸སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་འདི་ཚེས་ ༢༥ ནས་ ༢༧ བར་ཉིན་གསུམ་གྱི་རིང་གཙོ་བོ་རྒྱ་རིགས་གྲྭ་བཙུན་རྣམ་ལ་དགེ་ཚུལ་དང་དགེ་སློང་གི་སྡོམ་པ་སྩལ་གནང་མཛད་བཞིན་པའི་ཁོངས་སུ། འདི་ཚེས་ ༢༥ ཉིན་གྲྭ་བཙུན་ཞལ་གྲངས་ ༧༦ དགེ་ཚུལ་གྱི་སྡོམ་པ་བསྩལ་གནང་བ་དང་། འདི་ཚེས་ ༢༦ རྒྱ་རིགས་བཙུན་མ་ ༧༦ ལ་དགེ་ཚུལ་མའི་སྡོམ་པ་བསྩལ་གནང་མཛད་རྒྱུ་དང་། འདི་ཚེས་ ༢༧ ཉིན་དགེ་ཚུལ་ ༥༤ ལ་དགེ་སློང་གི་སྡོམ་པ་འབོགས་ཆོག་བཀྲིན་ཆེ་གནང་མཛད་རྒྱུའི་མཛད་འཆར་ཡོད་པ་དང་། འདི་ཚེས་ ༢༩ དང་ ༣༠ ཉིན་གཉིས་ཀྱི་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པའི་ཆོས་འགྲེལ་དང་། འདི་ཚེས་ ༣༡ ཉིན་རྗེ་བཙུན་འཇམ་དཔལ་དབྱངས་ཀྱི་རྗེས་གནང་བཀྲིན་ཆེ་གནང་མཛད་རྒྱུ་དང་། ཕྱི་ལོ་ ༢༠༢༤ ཟླ་བ་ ༡ ཚེས་ ༡ ཕྱི་ལོ་གསར་ཚེས་ཉིན་མགོན་པོ་གང་ཉིད་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཀྱི་མཛད་འཆར་ཡོད་པ་རེད་འདུག

གསར་འགོད་པ། པདྨ་དངོས་གྲུབ།    
རྩོམ་སྒྲིག་པ།  ཡེ་ཤེས་ཟླ་བ། 
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎