འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་བཟུང་བའི་ཐོག་ནས་འཕྲོད་བསྟེན་ཞབས་ཞུ་སྒྲུབ་དགོས། ༧གོང་ས་མཆོག་གིས།

2021-04-06
Share
འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་བཟུང་བའི་ཐོག་ནས་འཕྲོད་བསྟེན་ཞབས་ཞུ་སྒྲུབ་དགོས། ༧གོང་ས་མཆོག་གིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་གསུང་འཕྲིན།
དྲ་བཞུས། /WHO

བོད་མིའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་བཟུང་བའི་ཐོག་ནས་འཕྲོད་བསྟེན་ཞབས་ཞུ་སྒྲུབ་དགོས་པ་བཀའ་གནང་འདུག
ཕྱི་ཟླ་ ༤ ཚེས་༧ ཉིན་ནི་འཛམ་གླིང་འཕྲོད་བསྟེན་ཉིན་མོ་ཡིན་ལ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཉིན་མོ་དེ་གཏན་འབེབས་གནང་སྟེ་ལོ་ངོ་ལྔ་བཅུ་འཁོར་བའི་དུས་དྲན་གྱི་ཉིན་མོ་ཞིག་ཀྱང་ཡིན་པ་རེད། སྔ་ལོ་༢༠༢༠ཐམ་པ་ལོའི་འཛམ་གླིང་འཕྲོད་བསྟེན་གྱི་ཉིན་མོའི་ཆེད་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གསུང་འཕྲིན་བཀའ་ཡིག་ཞུས་དོན་ལྟར་བཀའ་ཡིག་ཞིག་སྩལ་གནང་མཛད་པ་དེའི་ནང་། འགྲོ་བ་མི་གཅིག་གྱུར་དང་དོན་དམ་གྱི་བསམ་བློ་ལྡན་པའི་ཐོག་ནས་ནད་དང་ནད་ཡམས་ལ་སོགས་པ་འགོག་ཐབས་བྱེད་དགོས་པ་བཀའ་གནང་འདུག
༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཡིག་དེའི་ནང་། འཛམ་གླིང་ནང་གི་ནད་པ་དང་འཕྲོད་བསྟེན་ཞབས་ཞུ་བ་ཚོར་ནད་ཡམས་སྔོན་འགོག་ཐད་མེད་དུ་མི་རུང་བའི་འཐུང་ཆུ་གཙང་མ་དང་འཕྲོད་བསྟེན་གྱི་ཆ་རྐྱེན་ཁག་ངེས་པར་དགོས་ལ། འཕྲོད་བསྟེན་ཚུལ་བཞིན་བསྟེན་རྒྱུ་ནི་སྔོན་འགོག་གི་ཐབས་ལམ་བཟང་ཤོས་དེ་ཡིན་པ་བཀའ་གནང་འདུག
འདི་ལོའི་འཛམ་གླིང་འཕྲོད་བསྟེན་གྱི་ཉིན་མོ་དང་བསྟུན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་དང་། རྒྱལ་ཁབ་འདྲ་མིན་གྱི་དབུ་ཁྲིད་མི་སྣ། འགྲོ་མིའི་ཐོབ་ཐང་དོན་གཉེར་བ་དང་། ཆོས་ལུགས་ཀྱི་དབུ་ཁྲིད་ཁག་གཅིག་གིས་གནང་པའི་གསུང་བཤད་སྣེ་འཛོམས་ཕྱོགས་བསྒྲིགས་ཞུས་པ་ཞིག་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་གི་སྒྲིག་འཛུགས་ནས་ཡོངས་ཁྱབ་འགྲེམ་སྤེལ་ཞུས་འདུག་པ་དེའི་ནང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་ཡིག་སྩལ་བའི་དུམ་བུ་དེ་ཡང་མཇལ་རྒྱུ་འདུག
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དེང་སྐབས་འཛམ་གླིང་ནང་ཁྱབ་བཞིན་པའི་ནད་ཡམས་འདིར་གདོང་ལེན་བཟང་ཤོས་ནི། ཕན་ཚུན་མཉམ་འབྲེལ་གྱིས་གནས་སྟངས་སྐྱོ་བོ་ཡོད་པའི་མི་དམངས་ཚོར་ཞབས་ཞུ་སྒྲུབ་ཐབས་བྱ་རྒྱུ་ཡིན་པ་བཀའ་གནང་འདུག་ལ། ཐབས་སྡུག་གི་གནས་སྟངས་འདིས་ང་ཚོར་སྙིང་རྗེ་དང་མཉམ་འབྲེལ་གྱི་ནུས་པའི་རིན་ཐང་དྲན་བསྐུལ་ཡོང་གི་ཡོད་ལ། དབུལ་ཕྱུག་དང་ཤར་ནུབ། དཀར་ནག་སོགས་ཀྱི་དབྱེ་བ་དོར་ཏེ་མི་ཚང་མ་འདྲ་མཉམ་གྱི་འདུ་ཤེས་ལྡན་ཞིང་། གཞན་གྱི་སྡུག་བསྔལ་དངས་ལེན་བྱ་རྒྱུའི་ཀུན་ཁྱབ་འགན་འཁུར་གྱི་བསམ་བློ་དགོས་པ་ནི་ཧ་ཅང་གལ་ཆེ་ཡིན་པ་བཀའ་གནང་འདུག

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།