ལྡི་ལི་བོད་ཁང་གིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། སྤྱི་ཟླ་༦ པའི་ཚེས་༢ ཉིན་གྱི་སྔ་དྲོ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། བོད་ཁང་དེ་ཉིད་ཀྱིས་གོ་སྒྲིག་ཞུས་པའི་ནཱ་ལནྡཱ་གཙུག་ལག་རབ་འབྱམས་པ་(Nalanda Masters Course) ཡི་སློབ་ཐོན་སློབ་མ་གཙོ་བོ་གྱུར་བའི་ཕྱི་རྒྱལ་ཡུལ་གྲུ་ཁག་༤༠ ཙམ་ནས་ཕེབས་པའི་འབྲེལ་ཡོད་སློབ་མ་༥༠༠ལྷག་ལ་དམིགས་བསལ་མཇལ་ཁ་དང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་རྟེན་འབྲེལ་བསྟོད་པའི་གསུང་ཆོས་དང་དྲི་བར་བཀའ་ལན་སྩལ་བའི་སྐབས། རྩོད་རྙོག་གི་རྩ་བ་ནི་བསམ་བློ་གུ་དོག་དྲགས་པའི་དབང་གིས་ཡོང་གི་ཡོད་པ་བཀའ་གནང་སོང་།
ཡང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ཆོས་ལུགས་མཐུན་སྒྲིལ་གྱི་གལ་གནད་སྐོར་བཀའ་སློབ་སྩལ་བའི་ནང་། ངོས་རང་ཕར་ཚུར་ཕྱིན་པའི་སྐབས་སུ་། ཧིན་རྡུའི་ལྷ་ཁང་དང་། འཇུའི་ལྷ་ཁང་། ཁ་ཆེའི་ལྷ་ཁང་སོགས་ཆོས་ལུགས་གཞན་གྱི་ལྷ་ཁང་ཁག་ཏུ་ཕྱིན་ཏེ། ཁོང་ཚོས་སོ་སོའི་ཆོས་ལ་དད་པ་གནང་བར་རྗེས་སུ་ཡི་རངས་ཀྱིས། ཆོས་ལུགས་མཐུན་སྒྲིལ་ཡོང་ཐབས་ལ་འབད་ཀྱི་ཡོད། དཔེར་ན། ཨ་ཕྷ་གྷ་ནི་སི་ཐན་ལྟ་བུ་མཚོན་ན། (Shia དང་Sunni) གཉིས་ནི་སྤྱི་ཡོངས་ཀྱི་ཆ་ནས་ཁ་ཆེའི་ཆོས་བརྒྱུད་གཅིག་པ་ཡིན་ནའང་། ཆོས་བརྒྱུད་གཉིས་དབར་རྩོད་རྙོག་ཡོང་གི་ཡོད། གཞི་རྩའི་སེམས་པ་བཟང་པོ་བྱེད་དགོས་པ་ནི་ཆོས་ལུགས་ཚང་མའི་བསླབ་བྱ་གཅིག་གྱུར་ཡིན་ཞེས་ བཀའ་གནང་སོང་།
ཡང་༸གོང་ས་མཆོག་གིས། ཆོས་རྒྱལ་ཁྲི་སྲོང་སྡེ་ཚན་གྱིས་རྒྱལ་རྒྱུད་ཟིན་པའི་སྐབས་སུ། བོད་མི་ངོས་ནས་ནང་པའི་གཞུང་ལུགས་ཁག་ལ་དམིགས་བསལ་དོ་སྣང་བྱས་ཏེ། སློབ་གཉེར་མཛད་ཡོད་པ་དང་། ཕྱིས་སུ་བོད་ནང་དགོན་སྡེ་ཁག་ཏུ་ནང་ཆོས་ལ་སློབ་གཉེར་བྱེད་སྟངས་དེ་ཡང་རིག་ལམ་གྱི་ཐོག་ནས་དཔྱད་པ་བྱས་ཏེ་སློབ་གཉེར་བྱས་ཡོད་པ་དེས་ཧ་ཅང་གི་ཕན་ཐོགས་བྱུང་ཡོད། ལྷག་དོན་དུ་ཆབ་སྲིད་ཀྱི་དབང་གིས་བོད་ཀྱི་ཆོས་ལ་དམ་དྲགས་ཇེ་ཆེར་བཏང་ཡོད་ཀྱང་། བོད་ནང་བོད་མི་ཚོ་ནི་ཉམས་པ་མེད་པའི་ངང་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་མུས་ཡིན་པ་བཀའ་གནང་ཞིང་། དེང་སྐབས་ཆོས་ལ་དོ་སྣང་མེད་མཁན་ཚོས་ཀྱང་བོད་བརྒྱུད་ནང་བསྟན་ལ་དོ་སྣང་གསར་པ་ཞིག་སླེབས་ཡོད་པ་བཀའ་གནང་སོང་།
ཡང་སྐབས་དེར་སློབ་མ་ཞིག་གིས། སྟོང་ཉིད་ལ་ཐོས་བསམ་སྒོམ་གསུམ་བྱེད་པའི་ཕན་ཡོན་སྐོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བཀའ་འདྲི་ཞུ་སྐབས། ལས་ངན་ཚང་མ་ཆག་སྡང་གི་དབང་གི་ཡོང་གི་ཡོད་པས། ཇི་ཙམ་གྱིས་སྟོང་ཉིད་སྒོམ་པ་ཡིན་ན། དེ་བས་ཆག་སྡང་གི་བློ་དེ་ཇེ་ཉུང་དུ་འགྲོ་རྒྱུ་ཡིན་པའི་སྐོར་བཀའ་སློབ་འདི་ལྟར་སྩལ་སོང་།
ལྡི་ལི་བོད་ཁང་གིས་༢༠༡༦ ལོར་འགོ་འཛུགས་གནང་བའི་ནཱ་ལནྡཱ་གཙུག་ལག་རབ་འབྱམས་པ་(Nalanda Masters Course) ཡི་སློབ་ཚན་དེའི་དམིགས་ཡུལ་གཙོ་བོ་ནི་སེར་སྐྱ་ཕོ་མོ་དབྱེ་མེད་ཐོག་ནང་པའི་ལྟ་གྲུབ་ལ་སློབ་གཉེར་གནང་རྒྱུ་དེ་ཡིན་པ་དང་། དེའི་དུས་ཡུན་ལོ་ལྔ་ཡིན་འདུག་ཅིང་། བོད་ཁང་དེ་ཉིད་ཀྱི་འགན་འཛིན་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་ཀྱིས། ད་བར་སློབ་ཚན་དེའི་ནང་རྒྱལ་ཁབ་འདྲ་མིན་༧༠ ཙམ་ནས་མཉམ་ཞུགས་གནང་མཁན་མི་གྲངས་༤༣༠༠ཙམ་བྱུང་ཡོད་པ་འགྲེལ་བརྗོད་གནང་བྱུང་། ཡང་རྒྱལ་ས་ལྡི་ལིར་སྐྱེས་ཚར་བྱུང་བའི་འབུམ་རམས་པ་Pooja Dabral ལགས་ནི་རྒྱ་གར་བྱང་ཕྱོགས་སྒང་ཏོག་ཏུ་རྟེན་གཞི་བྱས་པའི་འབྲས་ལྗོངས་གཙུག་ལག་སློབ་ཆེན་(Sikkim University) གྱིས་ངོས་ལེན་ཡོད་པའི་རྣམ་རྒྱལ་བོད་ཀྱི་ཤེས་རིག་ཉམས་ཞིབ་ཁང་གི་སློབ་དཔོན་གཞོན་པའི་ཐུགས་འགན་བཞེས་མུས་ཡིན་འདུག དེ་སྔ་ངས་ལྡི་ལིར་ཆགས་པའི་ནེཧེ་རུ་གཙུག་ལག་སློབ་ཆེན་དུ་ཇིར་མན་རྩོམ་རིག་ཐོག་གཙུག་ལག་རབ་འབྱམས་པའི་སློབ་གཉེར་བྱེད་བཞིན་པའི་སྐབས། བོད་ཁང་གི་ངོས་ནས། ནང་པའི་ལྟ་གྲུབ་ཐོག་སློབ་ཁྲིད་གནང་གི་ཡོད་པ་གོ་ཐོས་བྱུང་བས། དེར་མཉམ་ཞུགས་བྱེད་པའི་རྗེས། ང་ལ་སྔར་དང་མི་འདྲ་བའི་སེམས་ཤུགས་ཕར་མ་ཞིག་སྦྱན་བྱུང་། ནང་ཆོས་ལ་སློབ་གཉེར་བཏིང་ཟབ་བྱས་པ་ཡིན་ན། སོ་སོ་སྒེར་གྱི་བདེ་སྐྱིད་ཙམ་མིན་པར། གཞན་གྱི་བདེ་སྐྱིད་ལ་ཡང་འབྲེལ་བ་ཆགས་ཀྱི་འདུག་ཅེས་འགྲེལ་བརྗོད་གནང་བྱུང་།
ཡང་རྒྱ་གར་གྱི་ཕྱི་སྲིད་དྲུང་ཆེ་ཟུར་པ་རྩོམ་པ་པོ་ལྕམ་Nirupama Rao ལགས་ཀྱིས་ལྡི་ལི་བོད་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་འགན་འཛིན་གཞོན་པའི་ཐུགས་འགན་བཞེས་མུས་ཡིན་འདུག ང་རང་ལོ་༩ ཡིན་པའི་སྐབས། ངས་༸གོང་ས་ཏཱ་ལའི་བླ་མ་མཆོག་ཐེངས་དང་པོ་མཇལ་རྒྱུ་བྱུང་། དེ་་ནི་སྤྱི་ལོ་༡༩༦༠ ལོའི་སྤྱི་ཟླ་༢ པའི་ནང་རེད། སྐབས་དེ་དུས་༸གོང་ས་ཏཱ་ལའི་བླ་མ་མཆོག Lucknow ནས་མ་སུ་རི་ཆིབས་བསྒྱུར་སྐྱོང་བཞིན་འདུག ངའི་ཕ་མ་གཉིས་ཀྱིས། ང་མེ་འཁོར་བབ་ཚུགས་སུ་ཁོང་མཇལ་ཁར་ཁྲིད་སོང་། སྐབས་དེར་༸གོང་ས་ཏཱ་ལའི་བླ་མ་མཆོག་ནས་ང་ལ་གནང་བའི་ཁོང་གི་མཚན་རྟགས་དེ་ད་དུང་ངའི་ལག་པར་ཡོད། ཐེངས་འདིར་རྡ་རམ་ས་ལར་ཡོང་སྟེ། ༸གོང་ས་ཏཱའི་ལའི་བླ་མ་མཆོག་ལ་དམིགས་བསལ་མཇལ་ཁ་ཞུ་རྒྱུ་བྱུང་བར། ཤིན་ཏུ་ངོ་ཚར་ཆེ། ཁོང་ནི་སྙིང་རྗེ་བདག་ཉིད་ཡིན་ལ། ཁོང་གི་སྩལ་བའི་བྱམས་བརྩེ་རང་བཞིན་གྱི་བསླབ་བྱ་བཟང་པོ་དེ་དག་ནི་དེང་གི་རྙིང་འཛིན་ཆེ་བའི་འཛམ་གླིང་འདིར་ཧ་ཅང་གི་དགོས་མཁོ་ཆེ་ཞེས་འགྲེལ་བརྗོད་གནང་བྱུང་།
གཞན་ཡང་དགེ་བཤེས་རྡོ་རྗེ་དགྲ་འདུལ་ལགས་ཀྱིས། ནཱ་ལནྡཱ་གཙུག་ལག་རབ་འབྱམས་པ(Nalanda Masters Course) ཡི་སློབ་ཐོན་སོན་པའི་སློབ་མ་ཁག་ཅིག་རྒྱ་གར་གྱི་གཙུག་ལག་སློབ་གཉེར་ཁང་གི་ནང་སློབ་དཔོན་གྱི་ཕྱག་ལས་གནང་མཁན་བྱུང་ཡོད་པ་དང་། མི་སྒེར་སོ་སོ་མཚོན་ན། སེམས་ཀྱི་དཀའ་ངལ་ཡོད་པ་མང་པོ་ཞིག་ལ་ཕན་ཐོགས་ཡོད་པ་མ་ཟད། སློབ་ཚན་དེ་ལེན་པའི་རྗེས་འབྲས་སུ་སློབ་མ་འགའ་ཤས་ལ་འོད་སྟོང་ལྡན་པའི་མདུན་ལམ་གསར་པ་རྙེད་ཡོད་པ་འགྲེལ་བརྗོད་གནང་བྱུང་།
