གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ངོ་སྤྲོད་སྐོར་བསྐྱོད།

2019-06-24
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་རྒྱལས་སར་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ངོ་སྤྲོད་སྐོར་བསྐྱོད། ༢༠༡༩།༦།༢༣
ཨ་རིའི་རྒྱལས་སར་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་ངོ་སྤྲོད་སྐོར་བསྐྱོད། ༢༠༡༩།༦།༢༣
Pasang/RFA

གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ནང་དངུལ་གསོག་འཇོག་གནང་ཚེ་སྤྱི་སྒེར་གཉིས་ཀར་ཕན་ཐོགས་ཆེན་པོ་ཡོད་པ་གསུངས་སོང་།
ཕྱི་ཟླ་༦ཚེས་༢༣ཉིན། བོད་མིའི་སྒྲིག་འཛུགས་དཔལ་འབྱོར་ལས་ཁུངས་ཀྱི་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་ཨོ་དཀར་ཚང་སྐལ་རྡོར་ལགས་དང་། སྤྱི་ཁྱབ་འཆར་འགོད་པ་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས་རྣམ་གཉིས་ནས་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་རྣམས་ལ་ལྔ་དང་ལྔ་ཅུའི་ལས་གཞིའི་ཁོངས་གལ་འགངས་ཆེ་བའི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དང་། དྭང་བླངས་ཁྱད་ལས་ཞབས་ཞུ་བཅས་ལས་གཞིའི་སྐོར་ངོ་སྤྲོད་དང་སྦྲགས་མང་ཚོགས་ནས་རྒྱབ་སྐྱོར་དགོས་པ་གལ་ཆེན་པོ་ཡིན་པའི་སྐོར་གསུངས་གནང་སོང་།
ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་བོད་མིའི་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག ཨ་རིའི་ཝར་ཇི་ནི་ཡར་བོད་མི་ཚོར་གཏམ་བཤད་སྐབས། སྤྱི་ཁྱབ་འཆར་འགོད་པ་འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས་ནས། བོད་མིའི་སྒྲིག་འཛུགས་ཀྱི་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དེབ་སྐྱེལ་ཟིན་ནས་རྒྱ་གར་གྱི་དངུལ་ཁང་ཆེན་མོའི་ལག་འཁྱེར་ཐོབ་ཡོད་ཅེས་སོགས་གསུངས་པ་དང་སྦྲགས། བྱང་ཨ་རིས་མཚོན་པའི་ནུབ་ཕྱོགས་ཁུལ་དུ་གནས་བཞུགས་བོད་མི་རྣམས་ནས་ཞབས་ཞུ་ཁང་དེའི་ནང་རང་གི་དངུལ་གསོག་འཇོག་གནང་དགོས་པའི་འབོད་བསྐུལ་གནང་སོང་། ཡང་བོད་མི་རྣམས་ནས་གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་དུ་དངུལ་གསོག་འཇོག་གནང་བ་དེ་བོད་མིའི་སྒྲིག་འཛུགས་སྲ་བརྟན་ཡོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པས་མ་ཚད། སྒེར་རང་ཉིད་ལ་མཚོན་ནའང་ཁྱད་ཕན་ཆེན་པོ་ཡོད་ཚུལ་དང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་ནང་དངུལ་གསོག་འཇོག་གནང་ཚེ་ཨ་རིའི་དངུལ་ཁང་ནང་དངུལ་གསོག་འཇོག་བྱེད་པའི་སྐྱེད་ཀའི་བརྒྱ་ཆ་ལས་མང་བ་འབུལ་རྒྱུ་ཡིན་སྐོར་གསུངས་སོང་།
ཡང་སྐབས་དེར་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་འགན་འཛིན་ཨོ་དཀར་ཚང་སྐལ་རྡོར་ལགས་ཀྱིས། རྒྱ་བལ་འབྲུག་གསུམ་དང་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་སྤྱི་ཚོགས་ཡར་རྒྱས་ཐེབས་རྩའི་ཁོངས་ཞབས་ཞུ་གནང་མཁན་ད་ཆ་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། མ་འོངས་པར་ཡང་བོད་ཕྱི་ནང་ཙམ་མ་ཚད། རྒྱ་གར་དང་ནུབ་ཕྱོགས་སུ་ཡོད་པའི་བོད་མི་རྣམས་ཀྱི་དབར་ཟམ་པ་ལྟ་བུའི་ལས་གཞི་དེའི་ནང་བོད་མི་གང་མང་ཞུགས་དགོས་པའི་ནན་སྐུལ་གནང་སོང་། ལས་གཞི་དེའི་ནང་ཉུང་མཐར་ཟླ་བ་གསུམ་ཞབས་ཞུ་གནང་དགོས་པ་དང་། རང་ཉིད་དངོས་སུ་རྒྱ་གར་ནང་བཅར་མ་ཐུབ་ཀྱང་ལྟར་སྣང་(Virtual)གྱི་ཐོག་ནས་ལས་གཞི་དེའི་ནང་མཉམ་ཞུགས་ཐུབ་རྒྱུ་ཡོད་སྐོར་གསུངས་གནང་སོང་།
ཁོང་གིས་ད་དུང་། འཛམ་བུ་གླིང་གི་ནང་སྐྱབས་བཅོལ་བའི་དཀའ་ངལ་མང་དག་ཅིག་ཡོད་པ་དང་། བོད་མི་རྣམས་བཙན་བྱོལ་དུ་འབྱོར་ནས་ད་ཆ་ལོ་༦༠འགྲོ་གི་ཡོད་དུས། ཕྱིའི་རྒྱལ་ཁབ་གཞན་ཁག་ནས་རོགས་སྐྱོར་ཐོབ་རྒྱུ་ཁག་ཏུ་ཕྱིན་ཡོད་པ་དང་། བོད་མི་སྒེར་གྱི་དཔལ་འབྱོར་གྱི་གནས་བབས་བཟང་དུ་ཕྱིན་ཡོད་དུས་བོད་མི་ནང་ཁུལ་རོགས་བྱ་རྒྱུའི་དུས་ལ་སླེབས་ཡོད་སྐོར་གསུངས་གནང་སོང་།
འབུམ་རམས་པ་དཀོན་མཆོག་བརྩོན་འགྲུས་ལགས་དང་ཨོ་དཀར་ཚང་སྐལ་རྡོར་ལགས་རྣམ་གཉིས་ནས་བྱང་ཨ་རིའི་ནང་སྐོར་བསྐྱོད་ཀྱི་ས་གནས་དང་པོ་དེ་ཨ་རིའི་རྒྱལ་སའི་མངའ་ཁུལ་ཡིན་པ་དང་། དེ་ནས་རིམ་པས་ཨ་རི་དང་ཁེ་ཎ་ཌ་ཁུལ་གྱི་ས་གནས་ཁག་བརྒྱད་ཙམ་གྱི་ནང་གཞུང་འབྲེལ་ཕྱོགས་བསྐྱོད་གནང་ནས་མང་ཚོགས་ཁྲོད་ལས་གཞི་གཉིས་ཀྱི་ངོ་སྤྲོད་དང་། དེ་མཚུངས་རྒྱབ་སྐྱོར་ཐོབ་ཐབས་གནང་རྒྱུ་ཡིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།