ཧོང་ཀོང་ནང་མི་དམངས་ཚོས་རང་དབང་གི་ཆེད་ངོ་རྒོལ་དང་རྒྱ་ནག་གིས་སྐྱོན་བརྗོད།
2019.07.02
རྒྱ་ནག་གིས་ཧོང་ཀོང་ནང་ངོ་རྒོལ་བྱ་མཁན་ཚོས་བཅའ་ཁྲིམས་རྩིས་མེད་རྡོག་རོལ་བཏང་ཚུལ་སྐྱོན་བརྗོད་བྱས་འདུག
རེས་གཟའ་ཟླ་བར་ཧོང་ཀོང་གི་ངོ་རྒོལ་བྱེད་མཁན་ཁག་གཅིག་གིས་་ཧོང་ཀོང་གྲོས་ཚོགས་ཐོག་ཁང་ནང་འཛུལ་ནས་ཆུ་ཚོད་ཁ་ཤས་རིང་བདག་བཟུང་བྱས་ཏེ་དབྱིན་ཇིའི་མངའ་འོག་གི་དར་ཆ་རྙིང་པ་ཏེ་འཕྱར་བ་དང་། དེའི་རྗེས་སུ་ཉེན་རྟོག་པ་བརྒྱ་ཕྲག་ཁ་ཤས་ཀྱིས་མིག་ཆུ་ཤོར་བྱེད་ཀྱི་རླངས་རྫས་གཏོར་ནས་མི་ཚོགས་ཁ་ཐོར་དུ་བཏང་པའི་གནས་ཚུལ་བྱུང་ཞིང་། རྒྱ་ནག་གཞུང་གིས་ཧོང་ཀོང་གི་ངོ་རྒོལ་བ་དེ་དག་གིས་བཅའ་ཁྲིམས་ལ་རྩིས་མེད་རྡོག་རོལ་བཏང་ཚུལ་སྐྱོན་བརྗོད་བྱས་ནས་དྲག་སྤྱོད་སྤེལ་མཁན་དེ་དག་གི་ཉེས་པར་རྩད་ཞིབ་བྱེད་དགོས་ཚུལ་བརྗོད་འདུག
དེ་བཞིན་རྒྱ་ནག་གཞུང་གིས་འདོད་ཕྱོགས་བཟུང་མཁན་ཧོང་ཀོང་དམིགས་བསལ་ས་ཁུལ་གྱི་འགོ་ཁྲིད་ཀེ་རི་ལེམ་(Carrie Lam)་གྱིས་ཕྱི་ཚེས་༢ཉིན་གྱི་ཐོ་རེངས་ཆུ་ཚོད་ ༤ ་རྒྱུན་ལྡན་མ་ཡིན་པས་གསར་འགོད་ལྷན་ཚོགས་བསྡུས་ཏེ་ངོ་རྒོལ་བྱེད་མཁན་རྣམས་གྲོས་ཚོགས་ནང་འཛུལ་བའི་བྱ་སྤྱོད་དེ་ནི་དྲག་པོའི་བྱ་སྤྱོད་ཡིན་ཚུལ་གྱི་ཁ་རྡུང་བཏང་སྟེ། དབྱིན་ཇི་དང་ཀོང་ཏུང་རྒྱ་སྐད་བཅས་ཀྱི་ནང་ཧོང་ཀོང་སྲིད་གཞུང་གིས་ངོ་རྒོལ་བ་དེ་ཚོའི་ཉེས་པ་རྩད་ཞིབ་དང་། ཧོང་ཀོང་ནང་ཁྲིམས་ལས་ལྷག་པའི་གནད་དོན་ཞིག་མེད་ཚུལ་བརྗོད་འདུག
ཉེ་སྔོན་ཧོང་ཀོང་གཞུང་གིས་ཉེས་ཅན་རྩིས་སྤྲོད་ཞེས་པའི་ཁྲིམས་འཆར་ཞིག་འདོན་རྩིས་བྱས་བར་བརྟེན། ཧོང་ཀོང་མི་དམངས་ནས་ངོ་རྒོལ་རྒྱ་ཆེན་སྤེལ་ཏེ། རྗེས་སུ་ཁྲིམས་གཞི་བར་སྐབས་རིང་མཚམས་འཇོག་བྱེད་རྒྱུ་ཧོང་ཀོང་གཞུང་ནས་ཁས་ལེན་བྱས་ཡོད་ཀྱང་། མི་མང་ནས་ཁྲིམས་འཆར་དེ་རྩ་བ་ནས་མེད་པར་བཟོ་བ་དགོས་པ་དང་། ཧོང་ཀོང་འགོ་ཁྲིད་ཀེ་རི་ལེམ་(Carrie Lam)་ལས་གནས་ནས་རྩ་དགོངས་ཞུ་དགོས་པའི་རེ་འདུན་འདོན་གྱི་ཡོད་པ་རེད།
དེ་བས་བདུན་པའི་ཚེས་གཅིག་སྟེ་ཧོང་ཀོང་གི་བདག་དབང་དབྱིན་ཇིས་རྒྱ་ནག་ལ་རྩིས་སྤྲོད་བྱས་ནས་ལོ་༢༢འཁོར་བའི་དུས་དྲན་ལ་ཧོང་ཀོང་ནང་ཡང་བསྐྱར་མི་མང་སྟོང་ཕྲག་མང་པོས་ངོ་རྒོལ་ལས་འགུལ་སྤེལ་བ་དང་། གོང་བརྗོད་ཀྱི་གྲོས་ཚོགས་ནང་འཛུལ་ཞུགས་ཀྱི་གནས་ཚུལ་དེ་བྱུང་བ་ཞིག་རེད།