ཨ་མི་རི་ཀས་རྒྱ་ནག་གི་གློག་ཀླད་རྩིས་འཁོར་བཟོ་ཚོང་ཁང་བདུན་ཐོ་གཞུང་ནག་པོའི་ནང་བཅུག་འདུག

2021-04-09
Share
ཨ་མི་རི་ཀས་རྒྱ་ནག་གི་གློག་ཀླད་རྩིས་འཁོར་བཟོ་ཚོང་ཁང་བདུན་ཐོ་གཞུང་ནག་པོའི་ནང་བཅུག་འདུག ཨ་རིའི་རྒྱལ་དར་དང་རྒྱ་ནག་གི་ཧཱ་ཝེ་རྩིས་འཁོར་སྲ་སྡེར།
Reuters

ཨ་མི་རི་ཀས་རྒྱ་ནག་གི་གློག་ཀླད་རྩིས་འཁོར་(Computer)འཕྲུལ་ལས་བཟོ་ཚོང་ཁང་ཁག་ཅིག་ཨ་རིའི་ནང་ཚོང་འབྲེལ་བཀག་སྡོམ་ཆེད་ཐོ་གཞུང་ནག་པོའི་ནང་འཇུག་རྒྱུའི་གསལ་བསྒྲགས་བྱས་འདུག
འདི་ཚེས་༨རེས་གཟའ་ཕུར་བུའི་ཉིན། ཨ་རིའི་ཚོང་དོན་ལས་ཁུངས་ཀྱིས་རྒྱ་ནག་གི་(Computer)གློག་ཀླད་རྩིས་འཁོར་འཕྲུལ་ལས་བཟོ་ཚོང་ཁེ་ལས་ཁང་བདུན་གྱིས་རྒྱ་ནག་གི་དྲག་པོའི་སྒྲིག་འཛུགས་ཀྱི་(Super Computer)ཞེས་ཆེས་དེང་རབས་ཅན་དང་རྩིས་རྒྱག་གི་ནུས་པ་ཁྱད་དུ་འཕགས་པའི་གློག་ཀླད་རྩིས་འཁོར་གསར་བཟོའི་ལས་དོན་ལ་མཐུན་འགྱུར་རོགས་འདེགས་བྱས་པའི་ཉེས་མིང་འོག ཨ་རི་གཞུང་གིས་དཔལ་འབྱོར་གྱི་ཉེས་ཆད་གཅོད་རྒྱུའི་ཐོ་གཞུང་ནག་པོའི་ནང་འཇུག་རྒྱུ་ཡིན་པ་གསལ་བསྒྲགས་བྱས་ཡོད་པ་དང་། ཨ་རི་གཞུང་གི་ཐག་གཅོད་དེ་བཞིན་སྲིད་འཛིན་(Joe Biden)གྱི་འཛིན་སྐྱོང་འོག རྒྱ་ནག་ལ་ཨ་རིའི་འཕྲུལ་རིག་ལག་རྩལ་ཚོང་འགྲེམས་བཀག་སྡོམ་གང་ཡོང་བྱེད་པའི་སྲིད་ཇུས་ལག་བསྟར་དང་པོ་དེ་ཡིན་འདུག
དབྱིན་ཇིའི་བྷི་བྷི་སི་(BBC)གསར་ལས་ཁང་གི་གནས་ཚུལ་ནང་གསལ་ལྟར་ན། ཨ་རིའི་ཚོང་དོན་ལས་ཁུངས་ཀྱིས་ཐོ་གཞུང་ནག་པོའི་ནང་བཅུག་པའི་རྒྱ་ནག་གི་ཁེ་གཉེར་ལས་ཁང་བདུན་པོའི་ཁོངས་སུ། རྒྱ་ནག་གི་འཕྲུལ་རིག་བཟོ་ཚོང་ལས་ཁང་གསུམ་དང་། རྒྱ་ནག་རྒྱལ་ཡོངས་རྩིས་རྒྱག་འཕྲུལ་རིག་ལྟེ་གནས་ཁང་གི་ཡན་ལག་གསུམ་བཅས་ཚུད་ཡོད་པ་རེད།
ཨ་རིའི་ཚོང་དོན་དྲུང་ཆེ་ལྕམ་(Gina Raimondo)་ལགས་ཀྱིས། ཨ་རིའི་འཕྲུལ་རིག་ལག་རྩལ་ལ་བརྟེན་པའི་རྒྱ་ནག་གི་དམག་དོན་གྱི་ནུས་པ་དེང་རབས་ཅན་དུ་བསྒྱུར་རྒྱུའི་ལས་གཞི་བཀག་འགོག་ཆེད། སྲིད་འཛིན་(Biden)གྱི་འཛིན་སྐྱོང་ནས་ཁྲིམས་མཐུན་གྱི་ཁྲིམས་སྒྲིག་ཡོངས་སུ་བེད་སྤྱད་ཡིན་པ་ནན་བརྗོད་གནང་འདུག
དེའི་ཐད་རེས་གཟའ་པ་སངས་ཉིན་རྒྱ་ནག་གཞུང་གིས་རྒྱ་ནག་གི་བཟོ་ཚོང་ཁེ་གཉེར་ལས་ཁང་ཁག་གི་ཐོབ་ཐང་དང་ཁེ་ཕན་སྲུང་སྐྱོབ་ཆེད། ཨ་རིར་དགོས་ངེས་ཅན་གྱི་འཁོན་ལན་སློག་རྒྱུ་ཡིན་ལུགས་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་(Zhao Lijian)་གིས་རྒྱུན་ལྡན་གྱི་གསར་འགོད་ལྷན་ཚོགས་ཐོག་བརྗོད་པ་རོའུ་ཊར་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
དེ་སྔོན་ཡང་ཨ་རིའི་སྲིད་འཛིན་(Donald Trump)ལགས་ཀྱི་གཞུང་འཛིན་སྐབས། རྒྱ་ནག་གཞུང་གིས་ཨ་རིའི་འཕྲུལ་ལས་རིག་རྩལ་རྐུ་འཁྱེར་བྱས་པའམ་མཁོ་བསྒྲུབ་བྱས་ནས་རྒྱ་ནག་གི་དམག་དོན་གྱི་ལས་གཞི་རྒྱ་བསྐྱེད་གཏོང་གི་ཡོད་པའི་སྐྱོན་འཛུགས་འོག་རྒྱ་ནག་གི་ཧཱ་ཝེ་(Huawei)དང་(ZTE)ལ་སོགས་པའི་འཕྲུལ་ལས་བཟོ་ཚོང་ཁང་བཅུ་གྲངས་ལྷག་དང་ཨ་རིའི་ཚོང་ལས་བཀག་སྡོམ་གྱི་བཀའ་བཅད་བཏང་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།